48388

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བྱེ་སྨྲའི་ལུགས་ཀྱི་འགོག་པའི་སྙོམས་འཇུག་ (1)
Part of speech མིང་ཚིག
Definition འགོག་སྙོམས་ཀྱི་མཚན་ཉིད་ནི། དགག་གཞི་ལུས་ཀྱི་སྟེང་དུ་དགག་བྱ་རྣམ་ཤེས་ཚོགས་དྲུག་འཁོར་བཅས་བཀག་པའི་འཕགས་རྒྱུད་ཀྱི་སྙོམས་འཇུག་གང་ཞིག སྲིད་རྩེའི་སས་བསྡུས་པའོ། །རྟེན་གྱི་སྒོ་ནས་དབྱེ་ན། འདོད་པའི་རྟེན་ཅན་དང་། གཟུགས་ཀྱི་རྟེན་ཅན་གཉིས། གང་ཟག་གི་སྒོ་ནས་དབྱེ་ན། སློབ་པའི་རྒྱུད་ལ་ཡོད་པ་དང་། མི་སློབ་པའི་རྒྱུད་ལ་ཡོད་པ་གཉིས། ཕྱི་མ་ལ་ཐེག་པ་གསུམ་གྱི་དབྱེ་བས་གསུམ་ཡོད་དོ། །འདི་ལ་དགག་བྱ། འདུ་ཤེས་མེད་པའི་སྙོམས་འཇུག་གི་སྐབས་སུ་སེམས་སེམས་བྱུང་ཐམས་ཅད་དགག་བྱར་བསྟན་པ་དེ་བཞིན་དུ། འདིར་ཡང་སེམས་སེམས་བྱུང་ཐམས་ཅད་འགོག འོ་ན་དེ་གཉིས་ཀྱི་ཁྱད་པར་གང་ཞེ་ན། ཡིད་བྱེད་གང་གིས་འཇུག་པ། སྔ་མ་ལ་ནི་ངེས་པར་འབྱུང་བའི་འདུ་ཤེས་སྔོན་དུ་བཏང་བས་འཇུག་ལ། འདི་ནི་ཚོར་འདུ་ཞི་བར་གནས་པའི་འདུ་ཤེས་སྔོན་དུ་བཏང་བའི་ཡིད་ལ་བྱེད་པས་འཇུག་པའོ། །ས་གང་གིས་བསྡུས་པ། སྔ་མ་ནི་བསམ་གཏན་བཞི་པའི་སས་བསྡུས་ཡིན་ལ། འདི་ནི་སྲིད་རྩེའི་སས་བསྡུས་ཡིན་ནོ། །ངོ་བོ་དགེ་བ་ཟག་བཅས་སུ་ནི་གཉིས་ཀ་འདྲའོ། །མྱོང་འགྱུར། སྔ་མ་ནི་སྐྱེས་ནས་མྱོང་འགྱུར་ཁོ་ན་ཡིན་ལ། འདི་ནི་སྐྱེས་ནས་མྱོང་འགྱུར་དང་། ལན་གྲངས་གཞན་ལ་མྱོང་འགྱུར་དང་། མྱོང་བར་མ་ངེས་པ་དང་གསུམ་ཡོད་པ་ཡིན་གྱིས། མཐོང་ཆོས་ལ་མྱོང་འགྱུར་ནི་མེད་དོ། །གང་ཟག སོ་སོ་སྐྱེ་བོ་རྣམས་ནི་འདི་ལ་སྙོམས་པར་འཇུག་མི་ནུས་ཏེ། འཕགས་ལམ་གྱི་སྟོབས་ཀྱིས་བསྐྱེད་པར་བྱ་བ་ཡིན་པའི་ཕྱིར་རོ། །ཚུལ་ཇི་ལྟར་དུ་ཐོབ་པ། འདོད་ཆགས་དང་བྲལ་བ་ཙམ་གྱིས་འཐོབ་པ་མ་ཡིན་གྱི་སྦྱོར་བ་འབད་པས་འཐོབ་བ་ཡིན་ནོ། །འོ་ན་བཅོམ་ལྡན་འདས་ཀྱིས་ཀྱང་སྦྱོར་བ་འབད་པས་ཐོབ་བམ་ཞེ་ན། ཐུབ་པའི་བྱང་ཆུབ་ཀྱིས་ཐོབ་བྱ། །ཞེས་པ་སྟེ། ཟད་པ་ཤེས་པ་དང་དུས་མཉམ་དུ་ཐོབ་པས་ན་འདོད་ཆགས་དང་བྲལ་བས་ཐོབ་པ་ཡིན་ནོ། །རྟེན། སྙོམས་འཇུག་གཉིས་ཀ་ཡང་འདོད་པ་དང་། གཟུགས་ཀྱི་རྟེན་ཅན་ཡིན་གྱི། གཟུགས་མེད་ཀྱི་རྟེན་ཅན་མ་ཡིན་ནོ། །ཁྱད་པར་དུ་འགོག་པའི་སྙོམས་འཇུག་ནི། དང་པོར་མིའི་ནང་དུ་བསྐྱེད། ཕྱིས་ཉམས་པ་གཟུགས་ཀྱི་ཁམས་སུ་མངོན་དུ་བྱེད་པ་ཡོད་ལ། འདུ་ཤེས་མེད་པའི་སྙོམས་འཇུག་ནི་དང་པོ་ནས་གཟུགས་ཁམས་སུ་སྐྱེད་པ་ཡང་ཡོད་དོ། །རྫས་ཡོད་དང་བཏགས་ཡོད་གཉིས་ཀྱི་ནང་ནས་རྫས་ཡོད་ཡིན་ཏེ། སེམས་སེམས་བྱུང་རེ་ཤིག་སྐྱེ་བ་ལ་གེགས་བྱེད་པའི་ཆོས་ཡིན་པའི་ཕྱིར་ཏེ། སློབ་དཔོན་ནི། སྙོམས་པར་འཇུག་པའི་སེམས་ཁོ་ན་སེམས་སྐྱེ་བ་དེ་ལ་གེགས་བྱེད་པའི་ཕྱིར་རོ་ཞེས་བཞེད་དོ། །དེའི་དོན་ཡང་། བྱེ་མདོ་གཉིས་ཀ་འགོག་སྙོམས་ལྡན་མིན་འདུ་བྱེད་དུ་འདོད་པ་འདྲ་ཡང་ལྡན་མིན་འདུ་བྱེད་ཉིད་རྫས་ཡོད་དང་བཏགས་ཡོད་དུ་འདོད་པའི་ཁྱད་པར་ཡིན་པར་ཤེས་པར་བྱའོ། །ཟག་བཅས་ཟག་མེད་གཉིས་ཀྱི་ནང་ནས་ཟག་བཅས་ཡིན་ཏེ། སྲིད་རྩེའི་སས་བསྡུས་ཡིན་པའི་ཕྱིར་རོ། །སེམས་ཡོད་མེད་གཉིས་ཀྱི་ནང་ནས་སེམས་མེད་ཡིན་ཏེ། འགོག་པ་ལ་སྙོམས་པར་འཇུག་པའི་གནས་སྐབས་སུ་སེམས་དང་སེམས་བྱུང་མ་ལུས་པ་བཀག་ཟིན་པའི་ཕྱིར་རོ། །ཞེས་ཀུན་མཁྱེན་གོ་རམས་པའི་སྙོམས་འཇུག་རབ་གསལ་ལས་སོ། །
Domain ཆོས་ལུགས།

{{#arraymap:བྱེ་སྨྲའི་ལུགས་ཀྱི་འགོག་པའི་སྙོམས་འཇུག་

|; |@@@ | | }}