48560
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | རབ་བྱུང་བཅུ་གསུམ་པའི་ལྕགས་བྱ་ཕྱི་ལོ་ ༡༨༠༡ ལོར་མདོ་སྨད་གཙོས་བསྟན་འཛིན་སྡེ་ཁྲོད་དུ་འཁྲུངས། རབ་བྱུང་བཅུ་བཞི་པའི་མེ་སྟག་ཕྱི་ལོ་ ༡༨༦༦ ལོར་སྐུ་གཤེགས། དགུང་ལོ་ལྔ་པར་ཀུན་མཁྱེན་འཇམ་བཞད་སྐུ་ཕྲེང་གསུམ་པས་བྲག་དགོན་པ་བློ་བཟང་ཤེས་རབ་ཀྱི་སྤྲུལ་སྐུར་ངོས་བཟུང། དྲུག་པར་དབལ་མང་པཎྜི་ཏ་དཀོན་མཆོག་རྒྱལ་མཚན་ལས་རབ་བྱུང་བསྒྲུབས། མཚན་དཀོན་མཆོག་བསྟན་པ་རབ་རྒྱས་སུ་གསོལ། དགུ་པ་ནས་དགའ་ལྡན་ཆོས་འཁོར་གླིང་དང་། ལྷག་པར་བླ་བྲང་བཀྲ་ཤིས་འཁྱིལ་དུ་མདོ་སྔགས་རིག་གནས་ཀུན་ལ་ཐུགས་བརྩོན་མཛད། དབུས་སུ་ལན་གཉིས་ཕེབས། སྟག་ཕུ་ཡོངས་འཛིན་ཡེ་ཤེས་རྒྱ་མཚོ་སོགས་བླ་མ་སུམ་ཅུ་ལྷག་བསྟེན། དབང་ལུང་མན་ངག་གི་གདམས་པ་རྒྱ་ཆེར་གསན། དགུ་པ་ནས་ང་གསུམ་བར་དབལ་མང་པཎྜི་ཏ་དཀོན་མཆོག་རྒྱལ་མཚན་བསམ་སྦྱོར་གཉིས་ཀྱིས་ཚུལ་བཞིན་བསྟེན། མཁས་མཆོག་དམ་པར་གྱུར། བཀའ་ཆེམས་དང་། ཆོས་འབྱུང་དེབ་ཐེར། བསྟན་རྩིས། ལོ་རྒྱུས་ཡིག་ཚང་། འཁྲུངས་རབས། གདུང་རབས། རྒྱལ་རབས། གདན་རབས། རྟོགས་བརྗོད། དཀར་ཆག་དང་རུས་མཛོད་བཅས་དཔེ་ཆ་ལྔ་བརྒྱ་སུམ་ཅུ་ལྷག་ལ་གཟིགས་པས་ཁུངས་བཙན་ཞིང་། རྨ་ཆུ་དང་ཀླུ་ཆུ། བསང་ཆུ། དགུ་ཆུ། ཙོང་ཆུའི་རྒྱུད་སོགས་ཡུལ་གྲུ་མང་པོར་ཆིབས་བསྐྱོད་མཛད་དེ། དྲི་གཏུགས་དངོས་ཀྱི་ཐོག་ནས་མདོ་སྨད་ཆོས་འབྱུང་རྩོམ་སྒྲིག་གནང་། དེ་ནི་སྤྱི་ལ་ཁྱབ་པའི་ཚད་ཐུབ་ཀྱི་བསྟན་བཅོས་ཡིད་རྟོན་རུང་བ་ཞིག་ཏུ་བརྩི། |