48564

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བྲག་དམར་མགྲིན་བཟང་ (1)
Part of speech མིང་ཚིག
Definition བཙན་པོ་ཁྲི་ལྡེ་གཙུག་བརྟན་གྱིས་བཞེངས་པའི་ལྷ་ཁང་ཞིག་སྟེ། བསམ་ཡས་གཙུག་ལག་ཁང་གི་ཁ་ཤར་དུ་གཏད་པའི་གཡོན་ངོས་ཀྱི་ཐང་དཀྱིལ་དུ་ཡོད་པའི་ཕོ་བྲང་ཞིག་ཡིན་ཅིང་། དེ་ཡང་འཕགས་པ་འཇམ་དཔལ་དབྱངས་ཀྱིས་བོད་ཁ་བ་ཅན་གྱི་ཡུལ་དུ་ཆོས་དར་ཞིང་རྒྱས་པར་བྱ་བར་དགོངས་པ་དང་། ཆོས་རྒྱལ་ཁྲི་ལྡེའི་ཡུམ་གྱི་རྨི་ལམ་དུ་འོད་ཟེར་ཉི་མ་ཤར་བ་འདྲ་བ་ཞིག་བྱུང་ནས་དེའི་སྣ་ལ་ཁྱེའུ་ཆུང་ཞིག་བྱུང་སྟེ་མངལ་གྱི་ནང་དུ་ཞུགས་པ་དང་ཡིད་བཞིན་ནོར་བུའི་ཆར་པ་བབ་པ་སོགས་རྨི་ལྟས་བཟང་པོ་བྱུང་བ་ཡབ་རྒྱལ་པོ་ལ་བཟླས་པས་རྒྱལ་པོ་ཐུགས་ཤིན་ཏུ་རྒྱས། དེ་ནས་ཟླ་དགུ་ཞག་བཅུ་ལོན་པའི་དུས་ཚེས་དགེ་བའི་ཉིན་ཕོ་བྲང་དེར་འཇམ་དཔལ་དབྱངས་ཀྱི་རྣམ་འཕྲུལ་ཁྲི་སྲོང་ལྡེའུ་བཙན་དེ་ཉིད་སྐུ་འཁྲུངས། དེ་ལྟར་བོད་ཀྱི་རྒྱལ་རབས་སོ་བརྒྱད་པ་ཆོས་རྒྱལ་བཀའ་དྲིན་ཅན་དེ་ཉིད་འཁྲུངས་པའི་གནས་ཁྱད་པར་ཅན་ཡིན་པ་མ་ཟད་ཕྱིས་སུ་ལྷ་ཁང་དུ་བསྒྱུར་ནས་ཡབ་ཀྱི་ལྷ་ཁང་ཆེ་གྲས་ལྔ་ཡོད་པའི་ནང་ཚན་ཞིག་ཡིན། ཡབ་རྒྱལ་པོ་ཁྲི་ལྡེ་གཙུག་བརྟན་འདས་རྗེས་ཁྲི་སྲོང་སྐུ་ན་ཕྲ་མོའི་སྐབས་སངས་རྒྱས་ཆོས་ལུགས་ལ་མི་དགའ་བའི་བློན་པོ་མ་ཞང་སོགས་ཀྱིས་ཆོས་བྱེད་མི་ཆོག་པའི་ཁྲིམས་བཅད་སྐབས་ལྷ་ཁང་དེ་གཏོར་བཤིག་ཚབས་ཆེན་ཐེབས་པ་དང་། བསམ་ཡས་གཙུག་ལག་ཁང་བཞེངས་འགོ་ཚུགས་སྐབས་བློན་པོ་སང་ཤིས་ཞུ་བ་ཁོང་གིས་གཙུག་ལག་ཁང་འདི་ལ་ཞིག་གསོ་བྱས་ཤིང་། དེའི་རྟེན་དུ་ཆོས་རྒྱལ་གྱི་སྐུ་ཁྲག་ལས་འཁྲུངས་པར་གྲགས་པའི་ཙན་དན་དཀར་དམར་སོགས་རྟེན་བྱིན་ཅན་ཁག་ད་ལྟ་ཡང་དད་ལྡན་རྣམས་ལ་མངོན་སུམ་དུ་མཇལ་རྒྱུ་ཡོད་དོ། །