49088

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བླ་མ་མཚན་ལྡན་ (1)
Part of speech མིང་ཚིག
Definition བླ་མ་མཚན་ལྡན་མཆོག་ནི། འཛོང་བོ་སྐྱབས་མགོན་གྱི་སྐུ་ཚ་ཡིན་ཞིང་ཆུང་ངུ་ནས་ཡ་རབས་ཀྱི་སྤྱོད་པ་ལ་གནས་ཏེ་ཀློག་སློབ་ཅིང་ཆོས་སྒོར་ཞུགས་པ་ཡང་སྐྱབས་མགོན་གང་དང་བླ་མ་བསྟན་པ་རབ་རྒྱས་ཟུང་གི་སྐུ་མདུན་དུ་སྔ་ཕྱི་ཅི་རིགས་པའི་ཚུལ་གྱིས་སྦྱོར་དྲུག་གི་ཆོས་སྐོར་ཡོངས་རྫོགས་ལེགས་ཞུས་སྒོ་ནས་ཉམས་ལེན་ཡང་ཡུལ་དུས་དང་མཐུན་པའི་སྲོལ་ལྟར་རང་གིས་སྐྱེས་རྩལ་ཅི་ཡོད་ཀྱིས་འབད་འབུང་བྱས་ཤིང་མྱོང་རྟགས་ཀྱི་རྣམ་པ་རེ་ཡང་རང་ཚོད་བཞིན་ཅི་རིགས་བྱུང་། དེ་ཡང་བླ་མ་དམ་པ་གསལ་བཟང་གི་སྐུ་དུས་ལོ་གསུམ་གྱི་རིང་ལ་སྦྱོར་དྲུག་པ་སོགས་སྒྲུབ་སྡེ་བ་དག་ལ་བླ་མ་གསལ་བཟང་ཉིད་ཀྱིས་ཆོས་ཁྲིད་གཙོར་མཛད་དང་། དེ་ནས་དམ་པ་འདིས་ཀྱང་ཆོས་བཀའ་གང་དགོས་དག་ལ་དེ་ལུགས་ཀྱི་ཁྲིད་ལུང་སོགས་གསལ་འདེབས་ཀྱི་ཚུལ་དུ་མཛད། བླ་མ་དམ་པ་གསལ་བཟང་སྐུ་གཤེགས་པ་ནས་བཟུང་ལོ་བདུན་ཙམ་ལ་ཉེ་བར་ཁོང་ཉིད་ནས་ཐུགས་ཁུར་བཞེས་ཏེ་བྱ་ཡུར་དགོན་གྱི་ཆོས་སྡེ་གང་དག་ལ་དབང་ལུང་ཁྲིད་སོགས་ཅི་དགོས་ཀྱིས་རེ་འདོད་ཇི་བཞིན་སྐོང་བར་མཛད་བཞིན་རྡོ་རྗེ་སློབ་དཔོན་གྱི་གོ་གནས་ལེགས་བཟུང་གི་ཚུལ་དུ་སྒྲུབ་བརྒྱུད་སྤེལ་བའི་དགེ་བའི་བཤེས་སུ་གོང་སྨོས་ལྟར་གྱི་ལོ་གྲངས་ཀྱི་བར་ལ་ཇི་བཞིན་ཉེ་བར་བཞུགས་པ་ཡིན་ནའང་། བར་སྐབས་སྙིགས་དུས་ཀྱི་རང་མཚང་བསྟན་ཏེ་དུས་ངན་གྱི་འགྱུར་ལྡོག་ཆེན་པོ་མཐུ་ཤུགས་བཟོད་པར་དཀའ་བ་སྔོན་བསགས་ངན་པའི་འགྲོ་བ་བསོད་ནམས་ཟད་པ་གང་དག་གི་སྤྱི་མཐུན་ལས་མཐུ་བཙན་པོ་ལས་བྱུང་སྟེ་ཤིན་ཏུ་བཟློག་དཀའི་ཚུལ་དུ་རྣམ་པར་སྨིན་པ་འགྲོ་བ་རང་ཅག་གི་བགོ་སྐལ་དུ་གྱུར་པའི་དབང་གིས་དམ་པ་གང་འདི་ཡང་འཛམ་ཐང་རྫོང་གི་རྩ་འཛུགས་འཛི་ཀའི་ན་ཐང་དུ་བྱས་ཡོད་པའི་དུས་ཀྱི་ཁྲི་མུན་དུ་ལོ་གཅིག་ལ་ཉེ་བ་ཙམ་སྐུ་ཚེའི་མཐའ་ལ་འོ་བརྒྱལ་མཛད་དགོས་བྱུང་བའི་རྐྱེན་གྱིས་སྐུ་ལ་བསྙུང་ནད་ཀྱིས་ཟིན་ཏེ་རབ་བྱུང་བཅུ་དྲུག་པའི་ནང་ཚན་ལྕགས་བྱིའི་ལོ་མཇུག་ཙམ་ན་རང་གནས་དགོན་པར་ཕེབས་ཏེ་སྐུ་གཤེགས་པ་ན་དགོངས་མཆོད་སོགས་དུས་དང་བསྟུན་པ་ཙམ་ལས་ཆེར་རྒྱས་ཀྱི་སྐལ་བ་མ་བྱུང་ངོ༌། །