49218

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བླངས་འདས་ (1)
Part of speech མིང་ཚིག
Definition མདོ། འདུལ་བ། དགེ་ཚུལ་གྱི་བསླབ་བྱ་ཞིག རབ་ཏུ་བྱུང་བ་རྣམས་ཀྱིས་ཁས་བླངས་པའི་བསླབ་པ་ལས་འདས་པ་ན་བླངས་འདས་ཞེས་པ་དང་། དེའི་དབྱེ་བ་དང་བཅས་པ་ཞིབ་པར་ནི། པཎ་ཆེན་གྱི་འདུལ་བ་ལུང་རིགས་ཉི་མ་ལས། འོ་ན། བླངས་འདས་ཀྱི་ཉེས་པ་དེ་ལ་ཇི་ཙམ་དུ་ཡོད་པ་ཡིན་ཞེ་ན། སུམ་ཅུ་རྩ་དྲུག་ཡོད་པ་ཡིན་ཏེ། སྲོག་གཅོད་བཞི་དང་མ་བྱིན་ལེན། །མི་ཚངས་སྤྱོད་དང་རྫུན་དུ་སྨྲ། །གཞི་མེད་བག་ཙམ་དགེ་འདུན་དབྱེན། །དེ་རྗེས་ཕྱོགས་དང་ཁྱིམ་སུན་འབྱིན། །རྫུན་དང་བཤེས་ངོར་འཕྱ་བ་དང་། །ཟས་ཅུང་ལྷག་མའི་སྐུར་འདེབས་དང་། །བསླབ་པ་སྤོང་དང་འབྲས་ཆན་འགེབས། །ཆང་དང་གླུ་གར་རོལ་མོ་བྱེད། །རྒྱན་དང་ཁ་དོག་སྤོས་ཉུག་ཕྲེང་། །ཁྲི་དང་སྟན་ནི་ཆེ་མཐོ་དང་། །ཕྱི་དྲོའི་ཁ་ཟས་གསེར་དངུལ་ལེན། །ཉམས་པ་རྣམ་པ་གསུམ་དག་སྟེ། །སུམ་ཅུ་དྲུག་ནི་བླངས་ལས་འདས། །ཞེས་པ་རྣམས་ཡིན་པའི་ཕྱིར། འདུལ་འཛིན་ཁ་ཅིག །དགེ་ཚུལ་གྱི་བཤགས་བྱའི་ཉེས་བྱས་སུམ་ཅུ་རྩ་དྲུག་ཏུ་འདོད། གཙང་ཊཱིཀྐ་ཏུ་དགེ་ཚུལ་ཕ་མའི་བཤགས་བྱའི་ཉེས་བྱས་བསྡུ་ན་བཅུ་གསུམ་དང་། དགེ་སློབ་མའི་བཤགས་བྱའི་ཉེས་བྱས་བསྡུ་ན་ཉི་ཤུ་རྩ་ལྔར་བཤད། འདུལ་འཛིན་དགེ་ལེགས་དཔལ་བ་ནི། དགེ་ཚུལ་ཕ་མ་གཉིས་བསླབ་པའི་གཞི་བཅུ། ཁྱིམ་པའི་རྟགས་སྤོང་བ་དང་། རབ་བྱུང་གི་རྟགས་བླངས་པ་ལས་འདས་པའི་བླངས་འདས་གཉིས་ཏེ་བཅུ་གཉིས། དགེ་སློབ་མ་ལ་དེའི་སྟེང་དུ་བཅུ་གཉིས་ཏེ་ཉེར་བཞིའོ་ཞེས་འཆད། ཁོ་ན་རེ། གཞི་མེད་བག་ཙམ་ལྷག་མས་སྐུར། །བཤེས་ངོར་བྱའོ་ཞེས་དང་། ཟས་ཅུང་ཟད་ཙམ་གྱི་ཕྱིར་ཆོས་སྟོན་ཏོ། །ཞེས་སྐུར་པ་འདེབས་པའི་ལྟུང་བ་རྣམས་བཤགས་བྱའི་ཉེས་བྱས་མ་ཡིན་པར་ཐལ། དེ་རྣམས་བསྡམས་བྱའི་ཉེས་བྱས་ཡིན་པའི་ཕྱིར་ཏེ། རྒྱ་ཆེར་འགྲེལ་ལས། དེ་ནི་ཕྱོགས་དང་མཐུན་པ་ཡིན་པས་བསྡམ་པར་བྱ་བའི་ཉེས་བྱས་སུ་འགྱུར་རོ་ཞེས་གསུངས་པའི་ཕྱིར་ན་མ་ཁྱབ་སྟེ། བདེན་པས་སྐུར་པ་བཏབ་ན་བསྡམ་བྱའི་ཉེས་བྱས་སུ་འགྱུར་བ་ལ་དགོངས་པའི་ཕྱིར། བདེན་པས་སྐུར་པ་འདེབས་པ་ཡང་ཡོད་དེ། ཡང་དག་པར་སྐུར་པ་འདེབས་པ་ཡོད་པའི་ཕྱིར་ཏེ། བམ་པོ་ལྔ་བཅུ་པ་ལས། སྐུར་པ་མི་གདབ་ཅེས་བྱ་བ་ནི་གཞན་ལ་ཡང་དག་པ་དང་ཡང་དག་པ་མ་ཡིན་པ་གང་ཡང་རུང་བས་སྐུར་པ་མི་གདབ་ཅེས་གསུངས་པས་གྲུབ་པའི་ཕྱིར། ཁོ་ན་རེ། ཊཱིཀྐའི་ལུང་དོན་འཆད་ཚུལ་དེ་མི་འཐད་པར་ཐལ། བསྟན་བཅོས་ལ་དགོངས་པ་ཅན་མི་འཐད་པའི་ཕྱིར། ཟེར་ན་རྟགས་མ་གྲུབ་སྟེ། ཊཱིཀྐ་རང་ལས། དགེ་ཚུལ་གྱིས་མི་ཚངས་པར་སྤྱོད་པའི་སྦྱོར་ལྟུང་ལ་དགོངས་ནས་མི་ཚངས་སྤྱོད་ཀྱི་ལྟུང་བ་བཤགས་བྱའི་ཉེས་བྱས་སུ་བཤད་པའི་ཕྱིར་ཏེ། དེ་ཉིད་ལས། མི་ཚངས་པར་སྤྱོད་པ་ནི་དེ་སྤོང་བའི་བསླབ་པའི་གཞི་ཡང་དག་པར་བླངས་པ་ལས་འདས་པ་ཉིད་ཡིན་པས་དེ་ལ་ནི་བཤགས་པར་བྱ་བའི་ཉེས་བྱས་སུ་འགྱུར་རོ་ཞེས་གསུངས། ཞེས་གསལ།
Domain ཆོས་ལུགས།