49297

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བློ་གྲོས་སེངྒེ་ (1)
Part of speech མིང་ཚིག
Definition ཁོང་ནི། འཇམ་དབྱངས་ཀུན་དགའ་སེངྒེ་ལ་སློབ་མ་རྣམས་ཀྱིས་གདུང་རྒྱུད་སྤེལ་བའི་གསོལ་བ་ཡང་ཡང་བཏབ་པའི་མཐར། འབྲུག་སྒོམ་ཞིག་པོའི་གདུང་རྒྱུད་བླ་མ་དཔལ་ལྡན་སེང་གེར་གྲགས་པའི་སྲས་མོ། སློབ་དཔོན་མ་བཀྲ་ཤིས་ལྡན་བྱ་བ་ལ་སྲས་བསྐྲུན་པའི་ཆོ་ག་མཛད་ནས། ཡབ་ཀྱི་སོ་གཉིས་སུ། ལྷོ་མོན་དུ་རབ་བྱུང་དྲུག་པའི་ཤིང་བྱ་ ༡༣༤༥ ལོར་འཁྲུངས། ཡབ་གཤེགས་པ་སྔས། ཡབ་ཚན་རིང་པོར་འགྲོ་བའི་དབོན་པོ་ཀུན་དགའ་སེང་གེ་ཟེར་བ་ཞིག་གིས། གདན་ས་ཐོབ་རེ་བའི་ཕུང་སྟོབས་ཀྱིས་གདན་ས་ལ་སྐྱོན་ཆེ་བར་བྱུང༌། མཆོད་གཞིས་ཕལ་ཆེར་དེ་དུས་ཤོར། བཙས་ནས་ཟླ་བ་དགུ་ཙམ་ལ་ཡབ་ཆོས་རྗེ་ལ་ཕྱག་དབང་དང་ཞབས་དབང་ཞུས་པས། སེམས་དགའ་ཡལ་བ་དང་དྭངས་སིང་ངེ་བ་བྱུང་བ་དྲན། རྩེ་གཅིག་གི་སེམས་ངོ་གཤའ་མ་དེ་དུས་ཤེས་པ་ཡིན་གསུང༌། སྔོན་གྱི་སྐྱེས་རབས་ཐོགས་མེད་དུ་གསུང༌། དགུང་ལོ་ལྔ་པ་ལ་མཁན་པོ་དང་བླ་ཆེན་པས་གདན་སར་སྤྱན་དྲངས། གཞན་སྣང་བསྒྱུར་ནུས་པའི་བྱིན་རླབས་མངའ། དགུང་ལོ་བདུན་ལ་བརྟག་གཉིས་ཐུགས་སུ་ཆུད་ཅིང་གཞན་ལ་འཆད། བླ་མ་བསོད་ནམས་བློ་གྲོས་ལས་རབ་ཏུ་བྱུང༌། མཁན་ཆེན་དང་བླ་ཆེན་པ་གཉིས་ལས་འབྲུག་སྐོར་ཡོངས་རྫོགས་གསན། སྐབས་ཤིག་རྒྱན་རྣམས་བཞེས་ཏེ་གར་སྣ་མི་འདྲ་བ་སུམ་བརྒྱ་དྲུག་ཅུ་མཛད། དེ་སློབ་པར་ཞུས་པས་མཁའ་འགྲོ་མ་རུས་རྒྱན་ཅན་གསུམ་གྱིས། སྔོན་བོད་ན་མི་དར་བས་སློབ་མི་འཚལ་ཞེས་དང༌། གཅིག་གིས་ཤིང་ཐོག་ཕུལ་བ་བཞེས་པས་བརྗེད་ཚུལ་བསྟན། སྤྲིན་ཆོད་ངོགས་དང་སྤོས་སྐྱ་སོགས་སུ་སྒྲུབ་པར་བཞུགས། དེར་ཐོག་བབ་པར་སྡིགས་མཛུབ་གཏད་པས་གནོད་མ་ཐུབ། དེ་སྐབས་གཏུམ་པོ་ཁྱུང་གིས་བསྐོར་བ་ཀུན་གྱིས་མཐོང༌། སྡིགས་མཛུབ་ཀྱིས་ཧོར་དམག་བཟློག་པ་སོགས་མཛད། ས་སྐྱའི་དགེ་བཤེས་རྣམ་རྒྱལ་གྱིས་གཞལ་ཡས་དབུས་སུ་རྡོ་རྗེ་འཆང་རིགས་གསུམ་རིགས་ལྔས་བསྐོར་བ་མཐོང༌། འབྲུག་ཏུ་གཏུམ་པོའི་དབང་ཁྲོམ་ལ་གནང་སྐབས་ཀྱང་སྐུ་ཡི་སྤྲུལ་པ་སྣ་ཚོགས་བསྟན། ཆོས་ཀྱི་ཕྲིན་ལས་ཆེ། དགུང་གྲངས་ཞེ་དྲུག་པ་ལྕགས་རྟ་ ༡༣༩༠ ལོའི་སྟོན་ཟླ་ཐ་ཆུང་གི་ཉི་ཤུ་གཅིག་ལ་ལྟས་བསམ་གྱིས་མི་ཁྱབ་པ་དང་བཅས་ཞི་བར་གཤེགས། གདུང་ལ་སྤྱན་རས་གཟིགས་སོགས་ལྷ་སྐུ་རིང་བསྲེལ་དཔག་མེད་བྱོན། ཡབ་ཉིད་ཀྱི་སྤྲུལ་པར་གྲགས། ཞལ་སློབ་ཀྱང་མཉམ་མེད་མཁྱེན་བརྩེ་རྟོགས་ལྡན་སོགས་མང་ངོ༌། །

{{#arraymap:བློ་གྲོས་སེངྒེ་

|; |@@@ | | }}