49344
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | རྒྱུད་སྟོད་མཁན་ཐོག་ ༥༡ བློ་བཟང་དགེ་ལེགས་རྒྱལ་མཚན་དཔལ་བཟང་པོ་ནི། ཕྱི་ལོ་ ༡༦༤༡ ལྕགས་མོ་སྦྲུལ་གྱི་ལོར་སྟོད་མངའ་རིས་སྐོར་གསུམ་གྱི་ནང་ཚན་ཟངས་དཀར་ཞེས་བྱ་བའི་ཡུལ་དུ་ཡབ་གུ་རུ་དཀོན་མཆོག་དང། ཡུམ་བུ་མོ་མཆོག་གཉིས་ཀྱི་སྲས་སུ་ངོ་མཚར་བའི་ལྟས་དུ་མ་དང་བཅས་ཏེ་སྐུ་བལྟམས། དགུང་ལོ་ ༦ པ་དང་། ༡༧ པ་སོ་སོར་ཡབ་ཡུམ་གཉིས་རིམ་པས་གཤེགས། སྐུའི་གཅེན་པོ་ཡར་འཕེལ་དང་། གྲོགས་བློ་བཟང་བསྟན་འཛིན་གཉིས་དང་བསྡེབས་ཏེ་ཆོས་གྲྭ་ཆེན་པོ་བཀྲ་ཤིས་ལྷུན་དུ་ཕེབས། དེ་ནས་ཤངས་རྒོད་ཚང་དུ་ཕེབས་ཏེ་དྲུང་པ་རྒྱལ་ཚབ་པ་བརྩོན་འགྲུས་རྒྱལ་མཚན་བཟང་པོའི་དྲུང་ནས་རབ་བྱུང་དང་དགེ་ཚུལ་གྱི་བསྡོམ་པ་བཞེས་པར་མཚན་ལ་དགེ་ལེགས་རྒྱ་མཚོ་གསོལ། དེ་ནས་རིམ་པས་དྭགས་པོ་གྲྭ་ཚང་དང་སེ་ར་བཅས་སུ་བསྡུས་གྲྭ་ནས་བཟུང་མདོ་ཕྱོགས་ལ་སྦྱངས་པ་མཐར་ཕྱིན་པར་མཛད། ཤངས་རྒོད་ཚང་དུ་དྲུང་པ་རྒྱལ་ཚབ་པ་བརྩོན་འགྲུས་རྒྱལ་མཚན་བཟང་པོའི་དྲུང་ནས་མཁན་སློབ་གྲངས་ཚང་གི་བསྙེན་པར་རྫོགས། དེ་ནས་རིམ་པས་རྒྱུད་སྟོད་གྲྭ་ཚང་དུ་ཞུགས་ནས་གསང་བདེ་འཇིགས་གསུམ་གྱི་མཚོན་རྒྱུད་སྟོད་གྲྭ་ཚང་ལ་སྦྱངས་པ་མཐིལ་ཕྱིན་མཛད་དེ་མདོ་རྒྱུད་མན་ངག་ཀུན་གྱི་མཛོད་འཛིན་དུ་གྱུར། ༸རྒྱལ་དབང་བརྒྱད་པ་འཇམ་དཔལ་རྒྱ་མཚོའི་བཀའ་རྟགས་གསེར་གྱི་འཁོར་ལོས་བླ་མ་དང་། མཁན་ཁྲིར་བཅས་ཕེབས་ཏེ་ཕ་མའི་རྒྱུད་ཀྱི་འཆད་ཉན་གཙོ་གཟུང་ཐོག་རྒྱུད་གྲྭའི་སྒྲིག་ལམ་གནོད་འདོམས་སོགས་ཀྱི་སྲི་ཞུ་བླ་ན་མེད་པར་བསྐྱངས་པས་ཀུན་གྱིས་འགྲན་ཟླ་དང་བྲལ། དེ་ནས་ཤར་རྩེ་ཆོས་རྗེ་ལ་ཕེབས་ཏེ་མཁས་གྲུབ་གསེར་རིའི་ཕྲེང་བ་བསྒྲིགས་པ་ལྟ་བུའི་ནང་ནས་ས་ལམ་ཉམས་རྟོགས་ཕུན་སུམ་ཚོགས་པར་གྱུར་ཏེ། གསེར་མདོག་ཅོད་པཎ་འཆང་བའི་བསྟན་པ་རིན་པོ་ཆེ་ལ་ཕྱག་རྗེས་ཆེ་བར་གྲགས། |