49357

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བློ་བཟང་ཚེ་བརྟན་ (1)
Part of speech མིང་ཚིག
Definition རྒྱུད་སྟོད་མཁན་ཐོག་ ༡༠༨ བློ་བཟང་ཚེ་བརྟན་ཞལ་སྔ་ནས་ནི། མི་ཉག་འདྲ་པ་གདུགས་དཀར་དགོན་པའི་ཉེ་འདབས་སུ་དུད་མིང་ཨ་པ་ཞེས་པའི་ཁྱིམ་ཚང་དུ་ཡབ་འབྱོར་གནས་ཀྱི་རིགས་སུ་ནམ་མཁའ་འཇའ་གུར་ཕུབ་པ་སོགས་ངོ་མཚར་བའི་ལྟས་དང་བཅས་ཏེ་སྐུ་འཁྲུངས། གཞོན་ནུའི་ནས་ཞི་དུལ་བཟང་སྤྱོད་ལྡན་ཞིང་། འཁོར་བའི་ཕུན་ཚོགས་ལ་སྙིང་པོ་མེད་པར་གཟིགས་ཏེ་རྒྱལ་བའི་བསྟན་པ་ལ་རབ་ཏུ་བྱུང་བར་མཛད་ཅིང་གདུགས་དཀར་དགོན་དུ་ཆོས་ཞུགས་ཀྱིས་དགུང་གྲངས་ ༡༧ བར་བཞུགས། དེའི་རིང་རྡོ་རྗེ་གཅོད་པ་དང་། གསང་བདེ་འཇིགས་གསུམ་སོགས་འདོན་ཆོག་སོགས་བྱང་ཆུབ་པར་མཛད། དེ་ལྟར་མདོ་ཕྱོགས་ཀྱི་གསན་བསམ་མཐར་ཕྱིན་ཏེ་དཔལ་ལྡན་རྒྱུད་སྟོད་གྲྭ་ཚང་དུ་སྒྲིགས་ཞུགས་མཛད་དེ་དགེ་བའི་བཤེས་གཉེན་དུ་མའི་དྲུང་ནས་རྒྱུད་སྡེ་རྒྱ་མཚོར་ཐོས་བསམ་ཚུལ་བཞིན་མཛད་པ་དང་། སྔགས་དམ་འཇོག་དང་། དགེ་བསྐོས་བཅས་ཀྱི་མཛད་འཁུར་རིམ་བཞིན་བསྐྱངས། དེ་ནས་རིམ་པས་བླ་དབུ་དང་མཁན་ཁྲིར་ཕེབས་ཏེ་རྒྱུད་འགྲེལ་འཆད་སྤེལ་གྱིས་མཚོན་གསང་ཆེན་རྒྱུད་སྡེ་རྒྱ་མཚོའི་དབང་ལུང་མན་ངག་ཁྲིད་རྒྱུན་དང་བཅས་པས་གཞན་རྒྱུད་སྨིན་པར་མཛད་དེ་རྒྱུད་ཆེན་གོང་མའི་རྣམ་ཐར་བདག་གིར་བཞེས་ཤིང་མཁས་ཀུན་གྱི་གཙུག་རྒྱན་དམ་པར་གྱུར། མཁན་ཟུར་དུ་ཕེབས་ནས་ཀྱང་སྐལ་ལྡན་གྱི་སྐྱེས་བུ་རྣམས་ལ་ཟབ་རྒྱས་ཆོས་ཀྱི་བདུད་རྩིས་ཚིམ་པར་མཛད་པ་དང་གསུང་ལས་སྐྱེས་པའི་ཞལ་སློབ་ཀྱང་མི་ཉག་སྐུ་ཞབས་མཁས་གྲུབ་དང་། མགར་ཐར་བླ་མ་སོགས་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་བུ་དམ་པ་མང་དུ་ཕེབས། དེ་ལྟར་བསྟན་པའི་བྱ་བ་རྒྱ་ཆེར་མཛད་དེ་དགུང་གྲངས་ ༥༡ ཕེབས་པར་སྐུ་དངོས་ཀྱི་གདུལ་བྱ་རྫོགས་ཏེ་ངོ་མཚར་བའི་ལྟས་དུ་མ་དང་བཅས་ཏེ་ཆོས་དབྱིངས་སུ་གཤེགས་ཚུལ་བསྟན།