49918
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | སྤྲུལ་སྐུ་ཇོ་འབུམ་ཞེས་པ་ནི། སྲས་ལྕམ་སྲིང་གསུམ་འཁྲུངས་པ་ལས། ཆེ་ཤོས་སྲས་མོ་ཇོ་འབུམ་བྱ་བ་གཟུགས་བྱད་ཤིན་ཏུ་བཟང་བ། ཆུང་དུས་ཡབ་ཡུམ་ལ་མི་གསན་པར་སྤྱོད་པ་ཐོལ་རྒྱལ་བྱེད་པ། སྐྱེས་པ་མང་པོ་དང་རྩེ་ཞིང་གཞོན་པ་ཕོ་མོ་ཐམས་ཅད་རྩེ་ཞིང་བྱམས་པ་ཅིག་བྱུང་། དེ་ནས་ཡབ་གྲོངས་ཏེ། སྲས་ཀྱི་རྒྱུད་མ་ཟིན་གྱིས་དོགས་པ་དང་། གཞན་གྱིས་བརྙས་པ་བྱས་པས་ཡུམ་ལ་དུ་ཁ་ཆེན་པོ་བྱུང་བས། དེར་ཨུ་ཆེན་རྣམས་ཀྱིས་གྲོས་བྱས་ནས། ལྕམ་མཐུ་སྒྲུབ་ཏུ་བཅུག་སྟེ། ལོ་གཅིག་ལྷག་ཙམ་བསྒྲུབས་པས་སྲོག་སེར་ཐོག་ལྟས་ངན་རྣམས་ཇི་ལྟར་དུས་བསྟབ་པ་ལྟར་བྱུང་། སུ་ཡིས་ཀྱང་གནོད་པ་མི་ནུས་ཤིང་། བཀའ་ཉན་པ་བྱུང་། གཤིན་རྗེ་ཚེ་བདག་དང་། ལྷ་ཆེན་དཔལ་འབར་ལ་སོགས་པ་དམ་ལ་འདོག་ཅིང་མི་གདོན་སུས་ཀྱང་གནོད་པ་མི་ནུས་ཤིང་། རྒྱུ་མི་ནུས་པ་རྣམས་སུ་ཡང་དྲག་སྔགས་བཟླས་ཤིང་ནུས་མཐུ་ཆེ་བར་གྲགས། དེ་ནས་ཡང་བསམ་པས། སེམས་ཉིད་མ་རྟོགས་ཤིང་བྱང་ཆུབ་ཀྱི་ལམ་སྣ་མ་ཟིན་ན་ཅིས་ཀྱང་མི་ཕན་སྙམ་ནས། འཁོར་བའི་ཆོས་ལ་བློ་ལོག་སྟེ། སླར་ཡབ་ཀྱིས་བསྟན་པའི་དུས་ཀྱི་འཁོར་ལོ་གསང་སྔགས་ཀྱི་སྙིང་པོའི་མཐར་ཐུག་ཡན་ལག་དྲུག་པ་བསྒོམས་པས། སྒོམ་ཁང་དུ་ཞུགས་མ་ཐག་རླུང་དབུ་མར་ཚུད་དེ། ཉིན་མཚན་གྱི་རྟགས་ཁྱད་པར་ཅན་ཤར། སྐད་རིགས་མི་གཅིག་པ་སཾསྐྲྀ་ཏ་ལ་སོགས་པའི་སྐད་སྣ་ཚོགས་དང་མངོན་པར་ཤེས་པ་ལྔ་ཐོབ་པ་དང་། གྱང་དང་རྩིག་པ་དང་རི་ལའང་ཐོགས་པ་མེད་པར་འགྲོ་བ་དང་། རེས་འགའ་ཟླ་བ་རེ་རེ་ཙམ་ལ་སོགས་པར་ཟས་མི་དགོས་པར་འགྲོ་བ་དང། རྟགས་བཅུ་ཡོན་ཏན་བརྒྱད་མཐར་ཕྱིན་པའི་ཡོན་ཏན་དུ་མ་དང་ལྡན་ཏེ། འཇིག་རྟེན་པ་རྣམས་དང་སེམས་མི་མཐུན་ང་མི་ཡུལ་བཙོན་དོང་ལྟ་བུར་མི་སྡོད། ཌ་ཀི་མའི་གནས་སུ་འགྲོ་གསུངས་ཤིང་སྐུ་གཞོན་པ་ལ་གྲོངས་ཏེ། སྒྲ་དང་། འོད་དང། ས་གཡོས་པ་ལ་སོགས་ལྟས་ཆེན་པོ་ངོ་མཚར་བ་རྣམས་བྱུང་ངོ་། ། |