49955

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མ་ཎི་བ་ཤེས་རབ་བཀྲ་ཤིས་ (1)
Part of speech མིང་ཚིག
Definition རབ་བྱུང་བཅུ་གཉིས་པའི་མེ་ཕག་ཕྱི་ལོ་ ༡༦༤༧ ལོར་མདོ་སྨད་རེབ་སྐོང་དུ་ཡབ་རྟིས་ཚང་ཕྱག་རྡོར་རྒྱལ་གྱི་སྲས་སུ་འཁྲུངས། ཆུང་དུས་ནས་ཡི་གེའི་འབྲི་ཀློག་བཅས་ལ་སྦྱངས། དགུང་ལོ་བཅུ་གསུམ་པར་ཁུ་ཆེན་ཤེས་རབ་རྒྱལ་མཚན་ལས་རབ་བྱུང་བསྒྲུབས། བཅུ་དྲུག་པར་རྗེ་སྐལ་ལྡན་རྒྱ་མཚོ་ལས་བཀའ་ཆོས་མནོས། མགར་རྩེ་ཤེས་རབ་ཉི་མའི་སྤྲུལ་སྐུ་ཡིན་པར་བསྟན། རོང་བོ་ཐོས་བསམ་རྣམ་རྒྱལ་གླིང་དུ་མཚན་ཉིད་ཀྱི་གཞུང་སོགས་ལ་གུས་རྟག་སྦྱར་བས་བརྩོན་པར་མཛད། ཉི་ཤུ་པར་དབུས་ཀྱི་འབྲས་སྒོ་མང་གྲྭ་ཚང་དུ་ཞུགས། དཔོན་སློབ་བློ་གྲོས་རྒྱ་མཚོ་སོགས་ལས་དཀའ་སྤྱད་ཀྱིས་གཞུང་ལ་ལོ་ལྔའི་རིང་དུ་སྦྱངས། ཉེར་ལྔ་པར་ལྷ་རམས་པའི་མཚན་བཏགས་བཞེས། ཉེར་དྲུག་པར་རྒྱལ་དབང་ལྔ་པ་ལས་བསྙེན་རྫོགས་བསྒྲུབས། ཆོས་རྒྱུན་མང་དུ་གསན། སོ་བཞི་པ་རབ་བྱུང་བཅུ་གཅིག་པའི་ས་ལུག་ཕྱི་ལོ་ ༡༦༧༩ ལོར་རྫོང་དཀར་ཀླད་དུ་བཀའ་གདམས་ཕོ་བྲང་བཀྲ་ཤིས་དར་རྒྱས་གླིང་ཕྱག་བཏབ། སྐྱབས་མགོན་སྐུ་ཕྲེང་གཉིས་པའི་ཡོངས་འཛིན་མཛད། དགོན་པར་ཐུབ་དབང་གནས་བཅུ་སོགས་བཞེངས། ལི་ཐང་བཀའ་འགྱུར་སོགས་གདན་དྲངས། བིས་མདོར་ལྷག་རྡོ་དང་། རྡོ་ཕུག རྡོ་སྦིས་སུ། རྩི་རྐྱང་སྒོམ་གྲྭ ཨ་འགང་སྒོམ་གྲྭ གནམ་སྐྱག་དགོན་སོགས་སྒྲུབ་སྡེ་མང་དུ་བཏབ། ལོ་གསུམ་གྱི་རིང་དུ་ཧོར་སྟོད་སྨད། བོན་རྒྱ། མགར་རྩེ་གོང་འོོག ལྕང་སྐྱ། སྤྱང་ལུང་། ཀོའུ་སྡེ། བསེ་རི་ཆུ་བར་གསུམ། རྒྱལ་པོ་གླིང་ཚང་། ཆོ་བཞི། སྨད་པ་སྡེ་བདུན། གླིང་རྒྱལ། བིས་མདོ། ཨ་བར་ཉི་སྲིབ། རྡོ་སྦིས། ཁ་གྱ། རྒན་གྱ་སོགས་སུ་མ་ཎི་བཙུགས་ཏེ་ལོ་རེར་དུང་ཕྱུར་ལྔ་བཅུ་ལྷག་འགྲོ་བས་རྟིས་ཚང་མ་ཎི་བར་གྲགས། རེ་གཅིག་པ་རབ་བྱུང་བཅུ་གཉིས་པའི་ས་བྱི་ཕྱི་ལོ་ ༡༧༠༨ ལོར་རོང་བོ་ཐོས་བསམ་རྣམ་རྒྱལ་གླིང་གི་གདན་སའི་ཁྲིར་ཕེབས། འཆད་ཉན་ལོ་བདུན་རིང་བསྐྱངས། རེ་དགུ་པར་རྒྱལ་དབང་བསྐལ་བཟང་རྒྱ་མཚོའི་གསེར་ཞལ་མཇལ། བདུན་ཅུ་པ་རབ་བྱུང་བཅུ་གཉིས་པའི་མེ་སྤྲེལ་ཕྱི་ལོ་ ༡༧༡༦ ལོར་སྐུ་གཤེགས། རོང་བོ་ཐོས་བསམ་རྣམ་རྒྱལ་གླིང་གི་གདན་སའི་མཁན་རབས་དྲུག་པ་ཡིན། སློབ་མ་གྲགས་ཆེ་བ་ནི་སྐྱབས་མགོན་སྐུ་གཉིས་པ་དང་། ལ་མོ་གྲགས་རྒན་བློ་བཟང་བཀྲ་ཤིས། ཁྱ་དགེ་བློ་གྲོས་རྒྱ་མཚོ། ནག་གུ་བློ་བཟང་འཇམ་དབྱངས་བཅས་ཡིན།