50144

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མ་ཕམ་གཡུ་མཚོ་ (1)
Part of speech མིང་ཚིག
Definition སྟོད་མངའ་རིས་ཡུལ་གྱི་གངས་ཏི་སེའི་འདབས་སུ་ཡོད་ཅིང་། མཚོ་ངོས་ལས་མཐོ་ཚད་སྤྱི་ཁྲུ་ ༤༥༨༨ མཚམས་སུ་ཡོད། ནང་པ་དང་ཧིན་རྡི་གཉིས་ཀས་རྩ་ཆེན་དུ་བརྩིས་ནས་མཚོ་སྐོར་དུ་འགྲོ་སྲོལ་ཡོད། མཚོ་འདིའི་གནས་བཤད་ཞིབ་མོ་འབྲི་གུང་གདན་རབས་བཞི་པ་དཀོན་མཆོག་བསྟན་འཛིན་གྱིས་མཛད་པའི་ཤེལ་དཀར་མེ་ལོང་ཞེས་པའི་ནང་དུ་ཡོད་ཅིང་། ངག་འཕྲིན་གྱིས་མཛད་པའི་གནས་ཆེན་གངས་རི་མཚོ་གསུམ་ཆུ་བོ་བཞི་དང་བཅས་པ་གཏན་ལ་དབབ་པ་ལུང་དོན་སྣང་བར་བྱེད་པའི་མེ་ལོང་ཞེས་པར། སྔོན་སྨྱིག་སྦལ་ཞེས་པའི་འཁོར་སྒྱུར་ཞིག་བྱུང་སྟེ། རྒན་པོ་དང་ནད་པ་དང་ཤི་བའི་རོ་རྣམས་མཐོང་བའི་རྐྱེན་གྱིས། སེམས་སྡུག་གིས་མནར་བ་ན། བྲམ་ཟེ་དུས་དཔོག་གིས་འཇིག་རྟེན་རང་རང་གི་འབྲས་བུ་ལ་སྤྱོད་པ་ལ་ཡིད་མི་བདེ་བར་མི་རིགས་ཤིང་། སེམས་ཅན་ལེགས་པའི་ལས་སྤྱད་པ་རྣམས་མཐོ་རིས་སུ་སྐྱེ་བར་འགྱུར་ལ། འཁོར་སྒྱུར་རྣམས་ཀྱང་དེ་འདྲ་བ་ཡིན་པས། ཁྱོད་ཉིད་ཕྱི་མ་མཐོ་རིས་སུ་སྐྱེ་བར་འགྱུར་བ་གདོན་མི་ཟ་ཡང་། མཐོ་རིས་ཀྱི་ཐེམ་སྐས་སུ་གྱུར་པའི་མཆོད་སྦྱིན་མཛོད་ཅིག་ཅེས་བསྐུལ་བ་ལྟར། རྒྱལ་པོས་ལོ་བཅུ་གཉིས་ཀྱི་བར་དུ་མཆོད་སྦྱིན་རྒྱ་ཆེན་པོ་བྱས་པའི་ཚེ་འབྲས་བཙོས་པའི་ཁུ་བ་འཕོ་སའི་དོང་བརྐོས་ནས། དེར་འབྲས་བཙོས་པའི་ཁུ་བ་དྲོན་པོ་བླུགས་པ་རྣམས་བསིལ་བར་གྱུར་ནས་མ་དྲོས་པ་ཞེས་པའི་མཚོར་གྱུར་པར་བཤད་པ་དང་། །བོན་གྱི་ལོ་རྒྱུས་སུ་སྔར་བོད་ཀྱི་བཙན་པོས་ཞང་ཞུང་མངའ་འོག་ཏུ་མ་བསྡུས་གོང་དུ། མ་ཕམ་གཡུ་མཚོ་ནི་ཞང་བོད་ཀྱི་ས་མཚམས་ཡིན་པར་བཤད་ཅིང་། གཡུ་མཚོ་ཞེས་པ་ནི་མདོག་ལ་བརྟེན་ནས་བཏགས་པ་ཡིན། མཚོ་དེའི་རྒྱ་ཁྱོན་ནི་སྤྱི་ཁྲུ་གྲུ་བཞི་མ་ ༣༢༠ དང་གཏིང་ཚད་ཟབ་ཤོས་ལ་ཟབས་སུ་སྤྱི་ཁྲུ་ ༩༢ ཡོད། ལོ་རེའི་མཚོ་ཁར་དར་ཆགས་པའི་དུས་ཚོད་ནི་ཟླ་བ་བཅུ་གཅིག་པའི་ཚེས་པ་བཅུ། བཅོ་ལྔ། ཉེར་ལྔ་བཅས་ཀྱི་ཉིན་མཚན་གང་རུང་དང༌། མཚོ་ཞལ་ཕྱེ་བའི་དུས་ཚོད་ནི་ཟླ་བ་གཉིས་པའི་ཚེས་པ་ཉེར་ལྔ་དང་སུམ་ཅུ་གང་རུང་ངམ། ཡང་ན་ཟླ་བ་གསུམ་པའི་ཚེས་བཅུའམ་བཅོ་ལྔ་གང་རུང་ཡིན།

{{#arraymap:མ་ཕམ་གཡུ་མཚོ་

|; |@@@ | | }}