50634

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མཁན་ཆེན་དགེ་འདུན་རྒྱ་མཚོ་ (1)
Part of speech མིང་ཚིག
Definition རོང་པོའི་བླ་མ་ཞིག་སྟེ། རབ་བྱུང་བཅུ་གཅིག་པའི་ས་ལུག་ཕྱི་ལོ་ ༡༦༧༩ ལོར་མདོ་སྨད་རེབ་གོང་ཡུལ་དུ་ཡབ་ཚེ་ཐར་སྐྱབས་དང་། ཡུམ་ལྷ་མོ་སྐྱབས་གཉིས་ཀྱི་སྲས་སུ་འཁྲུངས། དགུང་ལོ་བཅུ་ལ་བླ་མ་དངོས་གྲུབ་མདུན་དུ་རབ་ཏུ་བྱུང་སྟེ་ཆོས་གྲྭར་ཞུགས། ཆུ་དམར་སྒོམ་ཆེན་བློ་བཟང་རྒྱ་མཚོ་དང་། གཡེར་གཤོང་འཇམ་དབྱངས་གྲགས་པ། བདེ་ཆེན་དཔོན་སློབ་བློ་བཟང་བཀྲ་ཤིས། དཔོན་སློབ་ཆོས་འཕེལ་རྒྱ་མཚོ་སོགས་ལས་བཀའ་ཆོས་མང་པོ་གསན། རབ་བྱུང་བཅུ་གཉིས་པའི་ཤིང་སྤྲེལ་སྤྱི་ལོ་ ༡༧༠༤ ལོར་དབུས་སུ་ཕེབས། འབྲས་སྤུངས་སྒོ་མང་བླ་བྲང་དུ་ཀུན་མཁྱེན་འཇམ་དབྱངས་བཞད་པའི་རྡོ་རྗེ་ལས་དབང་རྗེས་གནང་ལུང་ཁྲིད་མཐའ་ཡས་པ་གསན། དགེ་ཚུལ་དང་བསྙེན་རྫོགས་བསྒྲུབས། དགུང་ལོ་སོ་དྲུག་ཏུ་ལྷ་ས་སྨོན་ལམ་ཆེན་པོའི་ཐོག་གཞུང་པོད་ལྔའི་བཤད་པ་དང་རྩོད་པ་བྱས་ནས་ལྷ་རམས་པའི་མིང་བཏགས་བླངས། དགུང་ལོ་བཞི་བཅུ་ས་ཁྱི་ལོར་སྡེ་པ་གཞུང་ནས་ཁོང་གཙང་དཔལ་འཁོར་ཆོས་སྡེའི་མཁན་པོར་བསྐོས། དགུང་ལོ་ང་གསུམ་ཆུ་བྱི་སྤྱི་ལོ་ ༡༧༣༢ ལོར་མདོ་སྨད་རེབ་གོང་དུ་ཕེབས། རོང་པོའི་གདན་ས་བཟུང་། མདོ་སྨད་ཕྱོགས་ཀྱི་དགོན་ཁག་ཡོངས་སུ་ཕེབས་ཤིང་། འཆད་ཉན་ཉམས་ལེན་གྱི་བྱ་བ་རྒྱ་ཆེར་སྤེལ། དགུང་ལོ་གྱ་བདུན་པ་རབ་བྱུང་བཅུ་གསུམ་པའི་ཤིང་བྱ་ཕྱི་ལོ་ ༡༧༦༥ ལོར་སྐུ་གཤེགས།