50901

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མཁས་གྲུབ་ཤངས་སྟོན་ཚུལ་ཁྲིམས་མགོན་པོ་ (1)
Part of speech མིང་ཚིག
Definition རབ་བྱུང་བཞི་པའི་ཤིང་རྟ་ཕྱི་ལོ་ ༡༢༣༤ ལོར་ཡུལ་རྐྱང་ཡང་ཁང་དུ་ཡབ་དཔོན་པོ་དཀོན་མཆོག་བཟང་དང་། ཡུམ་ཇོ་དགེ་གཉིས་ཀྱི་སྲས་སུ་འཁྲུངས། དགུང་ལོ་བརྒྱད་དགུ་སྟེང་ནས་ཡི་གེའི་འབྲི་ཀློག་མཁྱེན། བཅུ་གསུམ་པར་ཉི་ཐོག་པས་མཁན་པོ་དང་། ཚུལ་ཁྲིམས་ཤེས་རབ་ཀྱིས་སློབ་དཔོན་མཛད་དེ། དགེ་ཚུལ་བསྒྲུབས། མཚན་ཚུལ་ཁྲིམས་མགོན་པོ་ཞེས་གསོལ། སློབ་དཔོན་ཤཱཀྱ་འབུམ་ལས་ཕར་ཕྱིན་དང་སྤྱོ་འཇུག་གསན། བཅོ་བརྒྱད་པར་ཕར་ཕྱིན་གྱི་བཤད་གསར་མཛད། སློབ་དཔོན་ཚུལ་ཁྲིམས་ཤེས་རབ་ལས་ཚད་མ་རྣམ་ངེས་དང་། བྱམས་ཆོས་སྡེ་ལྔ། ས་སྡེ། ཚད་མ་སྡེ་བདུན། དབུ་མ་རིགས་ཚོགས། བསླབ་བཏུས། གསང་སྔགས་ཀྱི་ཆོས་ཚོགས་བཅས་མང་དུ་གསན། ཚད་མ་ལ་མཁས་པའི་སྟོན་པ་བཟང་པོར་གྲགས། བླ་མ་ས་སྟོན་ལྷ་རིན་ལས་གསང་སྔགས་ཀྱི་རྒྱུད་སྒྲུབ་ཐབས་མང་པོ་དང་། མདོ་པོར་ཀརྨ་པ་ལས་ཟབ་ཆོས་རྣམས་གསན་ཏེ་མཁས་པའི་ཕུལ་དུ་ཕྱིན། ཡོལ་ཕུ་རི་གུང་དུ་བླ་མ་སངས་རྒྱས་སྟོན་པ་ཆོས་ཀྱི་ཤེས་རབ་ལས་ནི་གུའི་ཆོས་སྐོར་མ་ལུས་པར་ཞུས། ཐུགས་དམ་ཡང་ཤིན་ཏུ་འཕེལ། བླ་མ་དཀོན་སྐྱབས་ལས་སྙིང་ཐིག་ཞུས་པས་སྟ་སྟངས་མཛད་པ་ཙམ་གྱིས་ཆོས་ཉིད་མངོན་སུམ་གྱི་སྣང་བ་རྒྱ་ཆེན་པོ་ཤར། ཙ་རིར་སྒྲུབ་པ་མཛད་ནས་ཉམས་རྟོགས་འཁྲུངས། སློབ་མ་མ་དུ་བྱུང་། དོན་དྲུག་པ་རབ་བྱུང་ལྔ་པའི་ས་བྱ་ཕྱི་ལོ་ ༡༣༠༩ ལོར་སྐུ་གཤེགས། མཆོག་ཏུ་གྱུར་བའི་སློབ་མ་ནི་འཇག་པ་རྒྱལ་མཚན་འབུམ་ཡིན། །