50906

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མཁས་དབང་དགེ་འདུན་ཆོས་འཕེལ་ (1)
Part of speech མིང་ཚིག
Definition བོད་རབ་བྱུང་ ༡༥ པའི་ཆུ་མོ་ཡོས་ཕྱི་ལོ་ ༡༩༠༣ ལོར་མདོ་སྨད་རེབ་གོང་གསེར་མོ་ལྗོངས་ཀྱི་ཞོ་འོང་ཞེས་པའི་ས་ཆར་ཡབ་རྒྱལ་པོ་བླ་མ་དང་ཡུམ་པད་མ་གཉིས་ཀྱི་རིགས་སྨྱུག་ཏུ་སྐུ་བལྟམས། དགུང་ལོ་བཞིར་སོན་སྐབས་འབྲི་ཀློག་བསླབས་པས་ཚེགས་ཆུང་ངུས་ཐུགས་སུ་ཆུད། དགོང་ལོ་བདུན་གྱི་སྟེང་ཡབ་ལས་བརྡ་དག་སྙན་སུམ་གསན། དགུང་ལོ་དགུ་བར་ཕེབས་སྐབས་མཛད་པའི་སྙན་ངག་དཔེར་བརྗོད་སྙན་པའི་ཚད་དུ་བྱེད། དགུང་ལོ་བཅུ་བཞི་ཙམ་ལ་རབ་ཏུ་བྱུང། དགུང་ལོ་ཉི་ཤུ་བར་བླ་བྲང་བཀྲ་ཤིས་འཁྱིལ་གྱི་ཆོས་གྲྭར་ཞུགས། བསྡུས་གྲྭ་དང་། བློ་རྟགས། ཕར་ཕྱིན་བཅས་སློབ་གཉེར་མཛད། དགུང་གྲངས་ཉེར་ལྔ་ལ་དཔལ་ལྡན་འབྲས་སྒོ་མང་གྲྭ་ཚང་གི་ཀླུ་འབུམ་ཁང་ཚན་དུ་ཞུགས། ལོ་བདུན་རིང་ཕར་ཕྱིན་དང་དབུ་མའི་གཞུང་ལ་སྦྱངས་པ་མཐིལ་ཕྱིན་མཛད། དགུང་ལོ་སོ་གཉིས་བར་རྒྱ་གར་དུ་ཕེབས། རྒྱ་གར་ཝ་ར་ཎ་སི་སོགས་སུ་དབྱིན་ཡིག་དང་ལེགས་སྦྱར་གྱི་སྐད་ཡིག་སྦྱངས། དེ་ནས་སིངྒ་ལར་ཕེབས་ནས་སཾ་ཀྲི་ཏའི་སློབ་གྲྭ་ཆེན་མོར་ལོ་གཅིག་དང་ཟླ་བ་བཞིར་སློབ་གཉེར་གནང་སྟེ་མཁས་པའི་ཡང་རྩེར་སོང། ཕྱི་ལོ་༡༩༤༤ ལོའི་ལོ་དཀྱིལ་ཙམ་ཞིག་ལ་ལྷ་སར་ཕེབས། ཐོག་མར་གཞུང་ཞབས་སེར་སྐྱ་དང་དགེ་བཤེས་རིག་གནས་ལ་དོན་གཉེར་ཡོད་མཁན་ཚོར་དཔེ་ཁྲིད་སྣ་ཚོགས་ཞུས་ཏེ་ཆུ་ཚོད་ཀྱིས་མི་ལྡེང་བའི་ཚོད་ཙམ་བྱུང། མཐར་དགུང་གྲངས་ཞེ་དགུར་ཕེབས་པ་རབ་བྱུང་བཅུ་དྲུག་པའི་ལྕགས་མོ་ཡོས། ཕྱི་ལོ་ ༡༩༥༡ ཧོར་ཟླ་བརྒྱད་པའི་ཚེས་བཅུ་བཞིའི་ཕྱི་དྲོ་ལྷ་སའི་ཆུ་ཚོད་བཞི་བ་ཙམ་ལ་ལྷ་སའི་དགའ་རུ་ཤག་གི་ཡང་སྟེང་དུ་སྐུ་གཤེགས་སོ། །མཁས་དབང་དེ་ཉིད་ཀྱི་ཕྱག་རྩོམ་ལ་མཚོན་ན། རྒྱལ་ཁམས་རིག་པས་བསྐོར་བའི་གཏམ་རྒྱུད་གསེར་གྱི་ཐང་མ་དང། བོད་ཆེན་པོའི་སྲིད་ལུགས་དང་འབྲེལ་བའི་རྒྱལ་རབས་དེབ་ཐེར་དཀར་པོ་སོགས་རང་རྩོམ་དང་བསྒྱུར་རྩོམ་མང་དུ་མཆིས་སོ། །