51458
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | རབ་བྱུང་ཆུ་ལུག་ཕྱི་ལོ་ ༡༥༢༣ ལོར་ལ་སྟོད་ཤེལ་ལུང་དུ་ཡབ་ལྷ་མོ་ལྔ་དར་དང་། ཡུམ་སེམས་མ་རྒྱལ་འཛོམས་གཉིས་ཀྱི་སྲས་སུ་འཁྲུངས། གདུང་རུས་གཉགས་ཡིན། འདས་ལོ་མི་གསལ། བྱིས་དུས་ཀྱི་མིང་ལ་ཀླུ་རྒྱལ་ནོར་བུ་ཞེས་ཞུ། དགུང་ལོ་བཅུ་བཞི་པར་ཆོས་འཁོར་གླིང་དུ་ཕེབས། འཇམ་མགོན་ཕྱོགས་ལས་རྣམ་རྒྱལ་བླ་མར་བསྟེན། བཤད་གསར་གྱི་གཞུང་འཛིན་དང་ས་རིས་སོགས་སྦྱངས། བཅོ་ལྔ་པར་ལྕགས་ཐང་རབ་འབྱམས་པ་བྱམས་པ་བསོད་ནམས་དང་། པཎ་གྲུབ་བཟང་པོ་བཀྲ་ཤིས་གཉིས་ལས་རབ་བྱུང་བསྒྲུབས། མཚན་ལ་ཀླུ་སྒྲུབ་རྒྱ་མཚོ་ཞེས་གསོལ། ཉེར་གསུམ་པར་ཚར་ཆེན་བློ་གསལ་རྒྱ་མཚོ་ལས་ས་སྐྱའི་ཆོས་སྐོར་མང་དུ་མནོས། ཉེར་དྲུག་པར་ཇོ་ནང་ཀུན་དགའ་འགྲོ་མཆོག་ལས་བདེ་མཆོག་ནག་པོ་ལུགས་ཀྱི་དབང་ཆེན་ཞུས། སུམ་ཅུ་པར་མཁན་པོ་བཟང་པོ་བཀྲ་ཤིས་དང་། འཇམ་མགོན་ཕྱོགས་ལས་རྣམ་རྒྱལ་གཉིས་ལས་དགེ་སློང་བསྒྲུབས། ཆོས་འཁོར་གླིང་གི་སློབ་དཔོན་གནང་། འཆད་ཉན་ལོ་གསུམ་རིང་བསྐྱངས། སོ་གསུམ་པར་ཡ་ག་ཆོས་སྡིངས་ཀྱི་སློབ་དཔོན་མཛད། འཆད་ཉན་ ལོ་བཅུ་བརྒྱད་རིང་མཛད། ང་གཉིས་པར་མཉན་ཡོད་བྱ་གཤོངས་ཀྱི་མཁན་ཁྲིར་བྱོན། གདན་ས་ལོ་བཅུ་གསུམ་རིང་བསྐྱངས། འདུ་ཁང་གསར་བཞེངས་ཀྱང་གནང་། རེ་གཅིག་པར་འདར་གྲང་ཆེ་ཆོས་འཁོར་ཡང་རྩེའི་གདན་ས་གཅིག་ལྕོག་མཛད། རེ་བརྒྱད་པར་དགོན་པ་སེང་རྫོང་གི་ཕྱོགས་སུ་སློབ་བཤད་ནོར་བུའི་གླིང་ཕྱག་བཏབ། སློབ་ཚོགས་བསྐྱངས། བདུན་ཅུ་པར་བྱང་ངམ་རིང་ཆོས་སྡེའི་མཁན་པོ་མཛད། མདོ་སྔགས་ཀྱི་ཆོས་འཁོར་བསྐོར། སློབ་མ་གྲགས་ཆེ་བ་ནི་ཆོས་རྗེ་འགའ་རོང་པ་དང་། ཆོས་རྗེ་འབུམ་པ་ཤེར་བློ་བ། ཆོས་རྗེ་ཆ་ལུང་པ་སོགས་ཡིན། གསུང་རྩོམ་ནི་མཛོད་ཀྱི་སྤྱི་དོན་ཆེ་མོ་དང་། རིགས་གཏེར་དཀའ་འགྲེལ། ཕར་ཕྱིན་ཟུར་བཀོལ། ཕྱག་ཆེན་རྩོད་སྤོང་། ཕྱག་ཆེན་ཡང་ལན། རྒྱུད་མན་ངག་གི་རྒྱུད་འདེབས། ཀླུ་སྒྲུབ་ཀྱི་བསྟོད་པ། རབ་གནས་ཀྱི་རྩ་བ། བཟང་དྲུག་གི་ལག་ལེན། རང་རྣམ་སྒེག་མོའི་མེ་ལོང་། བསྟན་རྩིས་གསལ་བའི་ཉིན་བྱེད་བཅས་ཆོས་ཚན་བརྒྱ་ཕྲག་ལས་བརྒལ་བ་བཞུགས། |