51544
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | ཆུ་རྟ་ཕྱི་ལོ་ ༨༠༢ ལོར་ཡབ་རྒྱལ་པོ་ཁྲི་ལྡེ་སྲོང་བཙན་སད་ན་ལེགས་མཇིང་ཡོན་དང་། ཡུམ་འབྲོ་བཟའ་ཁྲི་མོ་ལེགས་གཉིས་ཀྱི་སྲས་སུ་འཁྲུངས། དགུང་ལོ་བཅུ་གསུམ་པ་ཤིང་ལུག་ཕྱི་ལོ་ ༨༡༥ ལོར་རྒྱལ་ཁྲིར་བཞུགས། ལོ་ཉེར་བདུན་རིང་རྒྱལ་སྲིད་བསྐྱངས། བྲན་ཀ་དཔལ་གྱི་ཡོན་ཏན་གྱིས་བློན་པོའི་གཙོ་བོ་མཛད། ཅོག་རོ་བཟའ་དཔལ་གྱི་ངང་ཚུལ་མ་དང་། མཆིམས་བཟའ་ཁྱུང་དཀར་མ། སྣ་ནམ་བཟའ་ཨ་རྗེ་ཕོ་ལེགས། ཚེ་སྤོང་བཟའ་ལྷུན་གྱི་བུ་མོ། ལྷ་ལུང་བཟའ་མེ་ཏོག་མ་བཅས་བཙུན་མོ་ལྔ་ཙམ་ཁབ་ཏུ་བཞེས། རིགས་སྲས་མ་འཁྲུངས་བར་གྲགས། ཆབ་སྲིད་ཀྱི་མཐའ་རྒྱ་བཀྱེད། ཆུ་ཡོས་ཕྱི་ལོ་ ༨༢༣ ལོར་ཐང་བོད་བར་མཇལ་དུམ་དབོན་ཞང་དབུ་སྙུང་རྡོ་རིང་བཞེངས། བོད་ཡུལ་གྱི་སངས་རྒྱས་བསྟན་པ་ལ་བཀུར་སྟི་དང་། རིམ་གྲོ་ཚད་ལས་བརྒལ་བ་མཛད། འུ་ཤང་རྡོ་དཔེ་མེད་བཀྲ་ཤིས་དགེ་འཕེལ་གྱི་ལྷ་ཁང་བཞེངས། སྒོམ་གྲྭ་དང། བཤད་གྲྭ འདུལ་གྲྭ་སོགས་བཅུ་ཕྲག་འགའ་བཙུགས། རབ་ཏུ་བྱུང་བ་རེ་རེ་ལ་འབངས་མི་ཁྱིམ་ཚང་བདུན་རེ་མཆོད་གཞིས་སུ་ཕུལ། རབ་བྱུང་ལ་མིག་ངན་བལྟས་པ་སོགས་རྣམ་འགྱུར་ངན་པ་སྟོན་པ་རྣམས་ལ་དབང་པོ་གཅོད་འབྲེག་གི་ཁྲིམས་བཅད། ལྷ་ཁང་སྔར་ཡོད་ཉམས་གསོ་མཇུག་སྐྱོང་དང་གསར་བཞེངས་གནང་། དམ་པའི་ཆོས་བསྒྱུར་ནས་མིང་དུ་བཏགས་པ་རྣམས་དཀར་ཆག་ལ་བྲིས་ཏེ་བཀས་བཅད་པའི་སྐོར་སོགས་མཛད། སོ་དགུ་པ་ལྕགས་བྱ་ ༨༤༡ ལོར་བློན་པོ་དབའས་རྒྱལ་ཏོ་རེ་སྟག་རྣ་ཅན་སོགས་ཀྱིས་བཀྲོངས། བང་སོ་ནི་དོན་མཁར་མདའ་ཡི་གཡོན་ཟུར་དེ་རུ་བརྩིགས། དེའང་རིན་ཆེན་ནོར་གྱིས་བཀང་། མིང་ནི་ཁྲི་སྟེང་རྨང་རི་ཟེར་རོ་སྐད་ཞེས་རྒྱལ་རབ་གསལ་མེར་འཁོད་འདུག འཁྲུངས་འདས་ཀྱི་ལོ་ཚིགས་ནི་བོད་ཀྱི་ལོ་རྒྱུས་རགས་རིམ་གཡུ་ཡི་ཕྲེང་བ་ལྟར་བཀོད། |