51644

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མངོན་གྱུར་ལ་ངེས་པའི་གཞན་སེལ་ (1)
Part of speech མིང་ཚིག
Definition མངོན་གྱུར་ལ་ངེས་པའི་གཞན་སེལ་གྱི་མཚན་ཉིད་ནི། རང་མཚན་སྣང་བ་ན་སྒྲས་བརྗོད་ཅིང་རྟོག་པས་ངེས་པའི་ཆ། དེ་ཡང་དབང་པོའི་མངོན་སུམ་གྱིས་རང་མཚན་མཐོང་བ་མངོན་གྱུར་ཡིན་ལ། དེ་ལ་རྗེས་ཀྱི་ངེས་ཤེས་ཇི་སྙེད་པས་སྔོན་པོ་དང་སྔོན་པོ་མ་ཡིན་པ་དང་། རྟག་པ་དང་མི་རྟག་པ་ལ་སོགས་པར་མིང་བཏགས་ཤིང་རྟོག་པས་ཡིན་པ་དང་མ་ཡིན་པ་སོགས་ངེས་པར་བྱེད་པ་ན་དེ་ལྟར་བརྗོད་པའི་སྒྲ་དང་རྟོག་པ་ནི་བྱེད་པ་པོ་ལ་ཡོད་པའི་གཞན་སེལ་ཡིན་ལ། དེ་གཉིས་ཀྱི་དངོས་ཡུལ་སྒྲ་དོན་དེ་ལས་ལ་ཡོད་པའི་གཞན་སེལ་ཡིན་ལ། དེ་གཉིས་ཀྱི་བརྗོད་ཚུལ་དང་འཛིན་སྟངས་ནི་བྱ་བ་ལ་ཡོད་པའི་གཞན་སེལ་ཡིན་ནོ། །དེ་ལ་སྒྲ་དང་རྟོག་པ་རང་མཚན་ཡིན་པ་ནི་སེལ་བ་བཏགས་པ་བ། གཞན་གཉིས་མཚན་ཉིད་པ་ཡིན་ནོ། །མདོར་ན། མངོན་སུམ་ལ་རང་མཚན་སྣང་བ་ལ་རྗེས་ཀྱི་ངེས་ཤེས་ཇི་སྙེད་པས་བཏགས་པའི་ཆོས་རྣམས་ཆོས་ཅན། སེལ་བའི་ཆར་གྱུར་པའི་ཡུལ་ཡིན་ཏེ། སྒྲ་རྟོག་གིས་ཕྱེ་བའི་ཆོས་ཡིན་པས་སོ། །ཞེས་ཀུན་མཁྱེན་གཡག་སྟོན་ཆེན་པོའི་འོད་སྟོང་འཕྲོ་བ་ལས་སོ། །མངོན་གྱུར་ལ་ངེས་པའི་གཞན་སེལ་གྱི་མཚན་ཉིད་ནི། དོན་རང་མཚན་གསལ་བར་སྣང་བའི་མངོན་སུམ་གྱིས་དྲངས་ནས་སྐྱེས་པའི་ངེས་ཤེས་དོན་མཐུན་གྱི་ཡུལ་དུ་སོང་ཚོད་དེ་མངོན་གྱུར་ལ་ངེས་པའི་གཞན་སེལ་གྱི་མཚན་ཉིད། མཚན་གཞི་ནི། སྔོན་འཛིན་མངོན་སུམ་གྱིས་དྲངས་ནས་སྐྱེས་པའི་སྔོན་པོའི་རང་ལྡོག་ངེས་པ་དང་། སྔོན་པོའི་མི་རྟག་པ་ལ་སོགས་པ་གཞི་ལྡོག་ངེས་པའི་ངེས་ཤེས་ཀྱི་ཡུལ་དུ་སོང་བའི་དེ་དང་དེའི་དོན་སྤྱི་ལྟ་བུའོ། །དེ་དག་འདིར་གཞན་སེལ་དུ་བཤད་པའི་དགོས་པ་ནི། ངེས་ཤེས་དེ་ལ། ཡུལ་དེ་དང་དེ་མངོན་གྱུར་ཡིན་ནམ་སྙམ་པ་དང་། ཡུལ་ཅན་དེ་ལ་ཡང་བསལ་བྱ་སྒྲོ་འདོགས་མེད་པའི་ཕྱིར། སེལ་འཇུག་མིན་ནམ་སྙམ་པའི་དོགས་པ་དགག་པའི་དོན་དུའོ། །ཞེས་པཎ་ཆེན་ཤཱཀ་མཆོག་གི་རྟོག་གེ་འཁྲུལ་འཇོམས་ལས་སོ། །
Domain ཚད་མ།