51841
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མདོ། མངོན་པ། མངོན་ཤེས་དྲུག་པོ་རང་གི་ཉེར་ལེན་དུ་གྱུར་པའི་བསམ་གཏན་གྱི་དངོས་གཞི་ལ་བརྟེན་པ་ཡིན་ཏེ། མངོན་པ་ཀུན་བཏུས་ལས། ཕྱི་རོལ་པའམ། ཉན་ཐོས་སམ། བྱང་ཆུབ་སེམས་དཔའམ། དེ་བཞིན་གཤེགས་པ་ཡང་རུང་སྟེ། དག་པའི་བསམ་གཏན་བཞི་ལ་བརྟེན་ནས་ཚད་མེད་པ་རྣམས་མངོན་པར་འགྲུབ་པོ། །ཚད་མེད་པ་རྣམས་ཇི་ལྟ་བ་བཞིན་དུ་མངོན་པར་ཤེས་པ་ལྔ་ཡང་དེ་བཞིན་ནོ། །ཞེས་གསུངས་པའི་ཕྱིར། དེ་ལྟ་བུའི་བརྟེན་ཚུལ་དེ་ཡང་འཁར་གཞོང་ལ་རྒྱ་ཤུག་བརྟེན་པ་ལྟ་བུའི་རྟེན་དང་བརྟེན་པ་དོན་གཞན་མ་ཡིན་ཏེ། བརྟེན་པ་མངོན་པར་ཤེས་པ་དེ་དག་རང་གི་རྟེན་དུ་གྱུར་པའི་བསམ་གཏན་གྱི་དངོས་གཞིའི་ངོ་བོར་འཕོས་པ་ཡིན་པའི་ཕྱིར། མངོན་ཤེས་དྲུག་གི་ས་མཚམས། དང་པོ་ལྔ་ལམ་མ་ཞུགས་ནས་སངས་རྒྱས་ཀྱི་སའི་བར་ན་ཡོད། དྲུག་པ་དགྲ་བཅོམ་པ་ཁོ་ནའི་གནས་སྐབས་ན་ཡོད། མངོན་ཤེེས་ལྡན་སྟོབས་ཀྱིས་ཚོགས་རྫོགས་ཚུལ། མངོན་ཤེས་དྲུག་པོ་དེ་དང་ལྡན་པའི་སྟོབས་ཀྱིས་ཚོགས་གཉིས་མྱུར་དུ་རྫོགས་པར་འགྱུར་ཏེ། མངོན་ཤེས་དང་པོ་དང་ལྡན་པའི་སྟོབས་ཀྱིས་གཞན་དད་པར་བྱེད། གཉིས་པ་དང་ལྡན་པའི་སྟོབས་ཀྱིས་ངག་སྨྲ་བརྗོད་ལེགས་པར་རྟོགས་པའི་སྒོ་ནས་གཞན་དགེ་བ་ལ་སྤྱོད་པར་བྱེད། གསུམ་པ་དེ་དང་ལྡན་པའི་སྟོབས་ཀྱིས་གཞན་དགེ་བ་དང་ལྡན་མི་ལྡན་ལེགས་པར་རྟོགས་པའི་སྟོབས་ཀྱིས་གཞན་དགེ་བ་ལ་སྦྱོར་བར་བྱེད་པའི་སྒོ་ནས་བསོད་ནམས་ཀྱི་ཚོགས་ཡོངས་སུ་རྫོགས་པར་བྱེད་པའི་ཕྱིར། བཞི་པ་དང་ལྔ་པ་དེ་དང་ལྡན་པའི་སྟོབས་ཀྱིས་དྲུག་པོ་དེ་ཐོབ་པའི་ཕྱིར་དུ་མཐའ་གཉིས་སྤངས་པའི་དབུ་མའི་ལམ་བསྟན་པའི་སྒོ་ནས་ཡེ་ཤེས་ཀྱི་ཚོགས་མྱུར་དུ་རྫོགས་པར་བྱེད་དོ། ། |
| Domain | ཆོས་ལུགས། |