51851

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མངོན་སུམ་ (1)
Part of speech མིང་ཚིག
Definition འཁྲུལ་བ་མིན་པའི་དངོས་གནས་ཀྱི་དོན་ཏེ།
Example རིགས་ལམ་མངོན་སུམ་གྱིས་བསལ་བ། བྱས་རྗེས་མངོན་སུམ་དུ་བཞག་པ། སྔར་གྱི་ལོ་རྒྱུས་རྣམས་མངོན་སུམ་དུ་མཚོན་ལྟ་བུ།
མངོན་སུམ་ (2)
Part of speech མིང་ཚིག
Definition ལྐོག་གྱུར་མིན་པའི་ཐད་ཀའི་དོན་ཏེ།
Example མིག་གིས་མངོན་སུམ་དུ་མཐོང་བ། ཚིག་རྩུབ་མངོན་སུམ་དུ་བརྗོད་པ། མངོན་སུམ་དུ་སྐྱོན་བརྗོད་བྱེད་ལྟ་བུ།
མངོན་སུམ་ (3)
Part of speech མིང་ཚིག
Definition རྟོག་པ་བྲལ་ཞིང་མ་འཁྲུལ་བའི་རིག་པ། དེ་ལ་དབང་པོ་མངོན་སུམ། ཡིད་ཀྱི་མངོན་སུམ། རྣལ་འབྱོར་མངོན་སུམ། རང་རིག་མངོན་སུམ་དང་བཞི་ཡོད།
Domain ཚད་མ།
མངོན་སུམ་ (4)
Part of speech མིང་ཚིག
Definition མངོན་སུམ་གྱི་མཚན་ཉིད་ནི། ལོག་རྟོག་སེལ་བའི་དབང་དུ་བྱས་ན་རྟོག་བྲལ་མ་འཁྲུལ་བའི་རིག་པའམ། རིགས་མི་མཐུན་སེལ་བའི་དབང་དུ་བྱས་ན། མ་འཁྲུལ་བའི་རིག་པ་དེ། མངོན་སུམ་གྱི་མཚན་ཉིད་ཡིན་ཞིང་། དེ་ཉིད་མངོན་སུམ་ཚད་མའི་མཚན་ཉིད་ཀྱང་ཡིན་ཏེ། རྣམ་ངེས་ལས། མངོན་སུམ་རྟོག་བྲལ་མ་འཁྲུལ་བ། །ཞེས་གསུངས་པའི་ཕྱིར། དེ་ཉིད་ཚད་མ་ཡིན་པའི་དབང་དུ་བྱས་ནས། མངོན་སུམ་ཚད་མ་ལ་མཚན་ཉིད་གཞན་མ་གསུངས་པའི་ཕྱིར་རོ། །དབྱེ་གཞི་ནི། མ་འཁྲུལ་བའི་ཤེས་པ་ཙམ་མོ། །དབྱེ་བ་ལ། དབང་པོ་དང་། ཡིད་དང། རང་རིག་དང་། རྣལ་འབྱོར་མངོན་སུམ་སྟེ་བཞིའོ། །ཡུལ་གྱི་སྒོ་ནས་དབྱེ་ན། ཡུལ་གཞན་རིག་པ་དོན་རིག་གི་མངོན་སུམ་གཉིས། རང་རིག་པ་རང་རིག་གི་མངོན་སུམ། རང་གཞན་མེད་པར་རིག་པ་རྣལ་འབྱོར་མངོན་སུམ་མོ། །རྟེན་གྱི་སྒོ་ནས་དབྱེ་ན། དབང་པོ་ལ་བརྟེན་པ་དོན་རིག་གཉིས། གཞན་དབང་ཙམ་ལ་བརྟེན་པ་རང་རིག ཏིང་ངེ་འཛིན་ལ་བརྟེན་པ་རྣལ་འབྱོར་མངོན་སུམ་མོ། །གང་ཟག་གི་སྒོ་ནས་དབྱེ་ན། སོ་སྐྱེའི་མངོན་སུམ་དང་། འཕགས་པའི་མངོན་སུམ་གཉིས་སོ། །ཇི་ལྟར་ཕྱེ་བའི་དོན་ནི། མངོན་སུམ་དེ་རྣམས་གཅིག་པ་བཀག་པའི་ཐ་དད་མ་ཡིན་ཏེ། བཞི་ཀ་ཡང་དངོས་པོ་ཡིན་པའི་ཕྱིར། ངོ་བོ་གཅིག་ལ་ལྡོག་པ་ཐ་དད་པ་ཙམ་ཡང་མ་ཡིན་ཏེ། མངོན་སུམ་གཞན་གསུམ་རྫས་ཐ་དད་ཡིན་པའི་ཕྱིར། རྫས་ཐ་དད་ཀྱང་མ་ཡིན་ཏེ། མངོན་སུམ་གཞན་གསུམ་པོ་རང་རིག་མངོན་སུམ་དང་ངོ་བོ་གཅིག་ཡིན་པའི་ཕྱིར། དེས་ན་མངོན་སུམ་གཞན་གསུམ་པོ་རྫས་ཐ་དད་དང་། དེ་གསུམ་རང་རིག་མངོན་སུམ་དང་ངོ་བོ་གཅིག་ལ། ཡུལ་གྱི་སྒོ་ནས་ཐ་དད་པ་ཡིན་ནོ། །ཞེས་ཀུན་མཁྱེན་གོ་རམས་པའི་རིགས་གཏེར་གསལ་བྱེད་ལས་སོ། །
མངོན་སུམ་ (5)
Part of speech མིང་ཚིག
Definition རང་གི་ཡུལ་དོན་སྤྱི་དང་མ་འདྲེས་པའི་སྒོ་ནས་གསལ་བར་སྣང་བ་གང་ཞིག་ལ་རང་ཡུལ་གྱི་ཆ་གང་ལའང་མ་འཁྲུལ་བ་ཞིག་སྟེ། དེ་ལྟར་ཡང་མཁས་གྲུབ་སྦྱིན་པ་དར་རྒྱས་ཀྱིས་མཛད་པའི་དགའ་བྱང་བློ་རིག་གི་རྣམ་གཞག་ལེགས་བཤད་ཀུན་འདུས་ལུང་རིགས་ཀྱི་བང་མཛོད་ལས། རྟོག་པ་དང་བྲལ་ཞིང་མ་འཁྲུལ་པའི་རིག་པ་མངོན་སུམ་གྱི་མཚན་ཉིད། རྟོག་པ་དང་བྲལ་ཞིང་མ་འཁྲུལ་བའི་གསར་དུ་མི་བསླུ་བའི་རིག་པ། མངོན་སུམ་གྱི་ཚད་མའི་མཚན་ཉིད་དུ་མདོ་སྡེ་པས་ཁས་ལེན་ཅིང་། རྟོག་པ་བྲལ་ཞིང་བགས་ཆགས་བརྟེན་འབྱུང་གི་རིག་པ་མངོན་སུམ་གྱི་མཚན་ཉིད་དང་། རྟོག་པ་དང་བྲལ་ཞིང་བག་ཆགས་བརྟེན་འབྱུང་གི་གསར་དུ་མི་བསླུ་བའི་རིག་པ་མངོན་སུམ་གྱི་ཚད་མའི་མཚན་ཉིད་དུ་སེམས་ཙམ་པས་ཁས་ལེན། མངོན་སུམ་གསར་དུ་མི་བསླུ་བའི་རིག་པ་མངོན་སུམ་ཚད་མའི་མཚན་ཉིད་དུ་མདོ་སེམས་གཉིས་ཀས་ཁས་ལེན་པ་ཡིན་ཏེ། ཚད་མ་ཀུན་བཏུས་ལས། མིང་དང་རིགས་སོགས་སྦྱོར་བ་ཡི། །རྟོག་པ་དང་བྲལ་མངོན་སུམ་མོ། །ཞེས་དང་། ཚད་མ་རྣམ་འགྲེལ་ལས། མངོན་སུམ་རྟོག་དང་བྲལ་བ་ནི། །མངོན་སུམ་ཉིད་ཀྱི་འགྲུབ་པར་འགྱུར། །ཞེས་དང། ཚད་མ་རྣམ་ངེས་ལས། མངོན་སུམ་རྟོག་བྲལ་མ་འཁྲུལ་བ། །ཞེས་གསུངས་པའི་ཕྱིར་ཞེས་གསུངས།