51865
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | དེས་ན་དབང་པོ་དབང་ཤེས་ཀྱི། །རྒྱུ་ཡིན་ཡིད་ཀྱི་རྐྱེན་དུ་འགྱུར་། །རང་རིག་ཡིན་ཕྱིར་རྒྱུད་གཞན་མེད། །དེས་ན་མངོན་སུམ་འགྲོས་གསུམ་པ། །ཞེས་བྱ་བ། དབང་ཤེས་ཀྱི་སྐད་ཅིག་དང་པོས་ཉེར་ལེན་གྱི་རྒྱུ་བྱས་ནས་དེ་དང་རིས་འདྲའི་དབང་ཤེས་ཀྱི་སྐད་ཅིག་གཉིས་པ་བསྐྱེད་ལ། དེ་དང་དུས་མཉམ་པར་ཡིད་ཤེས་ཀྱི་ལྷན་ཅིག་བྱེད་པའི་རྐྱེན་བྱས་ནས་ལོགས་ཤིག་ཏུ་ཡིད་ཀྱི་མངོན་སུམ་གྱི་སྐད་ཅིག་དང་པོ་སྐྱེད་དོ། །ཁ་ཕྱི་ལྟ་ལ་དོན་རིག་མངོན་སུམ་གཉིས་སྐྱེ་བ་ན་ཁ་ནང་ལྟ་རང་རིག་མངོན་སུམ་གཅིག་སྐྱེའོ། །དེས་ན་ཕྱིའི་ཡུལ་གཉིས་ལ་མངོན་སུམ་གཉིས་ཀྱི་འགྲོ་ཚུལ་དང་། ནང་གི་བསྡུས་པ་ལ་རང་རིག་གི་འགྲོས་ཚུལ་འདི་ནི་མངོན་སུམ་འགྲོས་གསུམ་པ་ཡིན་ལ་ཡུལ་གྱི་འགྲོས་དཔྱད་ན་རང་རིག་ལ་ཡུལ་གཞན་མེད་པས་འགྲོས་ལྔར་འགྱུར་ལ། དབང་པོ་དང་ཡིད་གཉིས་ཀྱི་ཡིད་ལ་བྱེད་པ་སྔ་མ་བསྣན་ན་འགྲོས་བདུན་པར་འགྱུར་རོ། །ཞེས་འཇམ་མགོན་ས་པཎ་གྱི་རིགས་གཏེར་རང་འགྲེལ་ལས་སོ། །མངོན་སུམ་གྱི་འགྲོས་བརྩི་ན་འགྲོས་གསུམ་དུ་འགྱུར་ཏེ། ཁ་ཕྱིར་བལྟས་ལ་དབང་མངོན་དང་། ཡིད་མངོན་གྱི་འགྲོས་གཉིས། ནང་བལྟས་ལ་དེ་གཉིས་ཉམས་སུ་མྱོང་བའི་རང་རིག་མངོན་སུམ་གྱི་འགྲོས་གཅིག་ཡོད་པའི་ཕྱིར། དམིགས་རྐྱེན་གྱིས་འགྲོས་ལྔར་འགྱུར་ཏེ། རྐྱེན་གསུམ་ཚན་པ་ལྔ་ཅིག་ཅར་དུ་ཡོད་པའི་ཚེ། དབང་མངོན་སྐད་ཅིག་གཉིས་པ་ལྔ་དང་། ཡིད་མངོན་སྐད་ཅིག་དང་པོ་ལྔ་སྟེ་བཅུ་སྐྱེ་ཡང་གཟུགས་འཛིན་དབང་མངོན་སྐད་ཅིག་གཉིས་པ་དང་། གཟུགས་འཛིན་ཡིད་མངོན་སྐད་ཅིག་དང་པོ་གཉིས་དམིགས་རྐྱེན་གྱི་སྒོ་ནས་གཟུགས་འཛིན་པའི་མངོན་སུམ་གཅིག་ཏུ་འཇོག་པའི་ཕྱིར། དེའི་ཚེ་ཡིད་བྱེད་ཀྱི་འགྲོས་བསྣན་ན་བདུན་དུ་འགྱུར་ཏེ། ཡིད་བྱེད་ཀྱི་སྒོ་ནས་རང་ངེས་གཞན་ངེས་གཉིས་སུ་ངེས་པའི་ཕྱིར་རོ། །ཞེས་ཀུན་མཁྱེན་གོ་རམས་པའི་རིགས་གཏེར་གསལ་བྱེད་ལས་སོ། ། |
| Domain | ཚད་མ། |