51914

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མངྒལ་གུ་རུ་ (1)
Part of speech མིང་ཚིག
Definition རབ་བྱུང་བཞི་པའི་ལྕགས་ཡོས་ཕྱི་ལོ ༡༢༣༡ ལོར་ཡབ་ཆོས་ཡག་དང་། ཡུམ་ཟོ་ཟི་བཟའ་གཟུངས་སྒོམ་གཉིས་ཀྱི་སྲས་སུ་འཁྲུངས། བཅུ་དྲུག་པར་ཐང་སྐྱ་བས་མཁན་པོ་དང་། གྲགས་པ་བཟང་པོས་སློབ་དཔོན་མཛད་དེ་རབ་བྱུང་བསྒྲུབས། མཁན་སློབ་དེ་གཉིས་ལས་འདུལ་བ་དང་། ལམ་སྒྲོན། ཇོ་བོ་རྗེ་ནས་བརྒྱུད་པའི་ཆོས་མང་དུ་གསན། བླ་མ་མཁས་གྲུབ་ཆེན་པོ་ལས་ཀྱེ་རྡོར་དང་། དུས་འཁོར། གསང་འདུས་སྒྲོན་གསལ། གདན་བཞི། མ་ཧཱ་མཱ་ཡང་། ཕག་མོ། དཔྱལ་གྱི་ཆོས་དྲུག སྟག་ལུང་ཟབ་ཆོས། བདེ་མཆོག་སྙན་བརྒྱུད། སེམས་བསྐྱེད་སུམ་སྤྲེལ། རིན་ཆེན་ཐེམ་སྐས། དབང་གི་ལག་ལེན། ཟབ་མོ་བླ་མའི་རྗེས་གནང་། ལམ་ལྔའི་བཤད་པ་བཅས་མང་དུ་ཞུས། ཉེར་ལྔ་པར་སྟག་ལུང་ཡང་དགོན་ནས་སངས་རྒྱས་ཡར་བྱོན་དང་མཇལ་ཞིང་བྱིན་རླབས་ཞུས། མཁན་པོ་ཐང་དཀར་པ་འོད་ཟེར་འབྱུང་གནས་དང་། སློབ་དཔོན་རིན་ཆེན་བཀྲ་ཤིས་སོགས་ལས་བསྙེན་པར་རྫོགས། སངས་རྒྱས་ཡར་བྱོན་ལས་ནཱ་རོ་ཆོས་དྲུག་དང་། ཕྱག་རྒྱ་ཆེན་པོ་སོགས་གདམས་པ་མང་མནོས། ལོ་ངོ་བཅུ་དྲུག་རིང་སྐུ་མཚམས་དམ་པོ་བཞུགས། རོ་གཅིག་པའི་རྟོགས་པ་བརྙེས། འགྲོ་མགོན་ཆོས་རྒྱལ་འཕགས་པའི་སྤྱན་སྔར་ཏེ། སྟག་ལུང་དུ་སྤྱན་དྲངས། བྱིན་རླབས་སྒྲུབ་ཐབས་དང་བཀའ་ལུང་མང་པོ་ཞུས། སངས་རྒྱས་ཡར་བྱོན་པའི་བཀའ་བཞིན་སྟག་ལུང་བ་ཡོན་མཆོད་པ་རྣམས་བསྐྱངས། ཞེ་གསུམ་པ་རབ་བྱུང་ལྔ་པའི་ཆུ་སྤྲེལ་ཕྱི་ལོ ༡༢༧༢ ལོར་སྟག་ལུང་གདན་སར་ཕེབས། གདུང་རྟེན་བཀྲ་ཤིས་འོད་འབར་དང་། ལྷ་ཆེན་སྟོང་གསུམ་ཟིལ་གནོན་བཞེངས། ཆོས་རྗེ་དཔལ་བཟང་པོ་དང་། གཅུང་བྱ་བྲལ་བ། མཁན་པོ་གཙང་པ། སློབ་དཔོན་རྒྱལ་བ། ཀོང་པ་དར་ཤེ། གཉན་ཐོག་ནམ་ཡེ་བཅས་ཀྱིས་རབ་གནས་མཛད། ཤར་སྒོའི་ནང་དུ་གྱང་རིས་དང་། ལྡེར་སྐུ་རྣམས་ཀྱང་བཞེངས། གདན་སར་ལོ་ངོ་ཉེར་ལྔའི་རིང་བཞུགས། རབ་བྱུང་ལྔ་པའི་མེ་བྱ་ཕྱི་ལོ ༡༢༩༧ ལོར་སྐུ་གཤེགས། རེ་བདུན་པ་སྟག་ལུང་དགོན་པའི་གདན་རབས་བཞི་པ་ཡིན།