5193

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཁུ་ནུ་གྲུབ་ཐོབ་ཨ་ཙ་ར་འཇམ་དབྱངས་རྣམ་རྒྱལ་ (1)
Part of speech མིང་ཚིག
Definition ཡོངས་འཛིན་འཇམ་དཔལ་དཔའ་བོའི་སློབ་བརྒྱུད་ཁུ་ནུ་གྲུབ་ཐོབ་ཨ་ཙ་ར་འཇམ་དབྱངས་རྣམ་རྒྱལ་མཆོག་གི་ཡབ་ཡུམ་ནི་རྒྱ་གར་བྱང་ཕྱོགས་གར་ཞ་ནས་ཡིན་ཞིང༌། ཡབ་དེ་ཉིད་ཡོངས་འཛིན་བཞི་པའི་རྗེས་སུ་བཟུང་ཞིང༌། ལྷན་སྐྱེས་བདེ་ཆེན་རྡོ་རྗེ་ནས་གསན་པའི་བསྲེ་འཕོ་དང༌། སྙན་རྒྱུད་སོགས་ཀྱི་མན་ངག་ཆེས་ཟབ་པ་རྣམས་བསྩལ་ཏེ། ལས་ཀྱི་ཕྱག་རྒྱ་དང་ལྷན་ཅིག་སྦས་ཚུལ་དུ་ཉམས་སུ་ལོངས་ལ། དངོས་གྲུབ་ཐོབ་རྗེས་སླར་ཕྱོགས་འདིར་གདམས་རྒྱུན་སྤེལ་བར་བུ་སློབ་ཞིག་གཏོང་རྒྱུ་ཡོད་པ་གྱིས་ཞེས་གདམས་ནས་རང་གནས་སུ་བཏང་བ་ལས། ཇི་ལྟར་གསུངས་པ་བཞིན་ཕོ་ཉའི་ལམ་གྲོགས་དང་བཅས་ཉམས་སུ་བཞེས་པས་ཟུང་འཇུག་རྡོ་རྗེའི་གོ་འཕང་ཐོབ་སྟེ། ཁུ་ནུ་གྲུབ་ཆེན་ཞེས་མཐོང་ཐོས་དྲན་གྲོལ་ཞིག་བྱུང་བ་དེ་ཉིད་ཀྱིས་བསམ་བཞིན་དུ་རིགས་རྒྱུད་བཞག་པའི་སྲས་ནི་ཨ་ཙ་ར་འདི་ཡིན་ལ། སྲས་ནར་སོན་པ་ན་གདམས་ངག་ཐམས་ཅད་བུམ་པ་གང་བྱོར་གནང་སྟེ་སྒོམ་བཅུག་པས་ཡབ་སྲས་དགོངས་པ་མཉམ་པར་གྱུར། ནམ་ཞིག་གི་ཚེ་བུ་སློབ་ཐམས་ཅད་འདུས་ནས་འཁོར་ལོ་སྡོམ་པའི་ཚོགས་འཁོར་ཞིག་གི་སྐབས། ཚོགས་ཆང་བཞེས་འཕྲོ་དེ་སྲས་ལ་གནང་ནས་བུ་འདི་འཐུངས་དང་རྟེན་འབྲེལ་ཡོད། ང་མཁའ་སྤྱོད་དུ་འགྲོ་བ་ཡིན། ད་ཁྱོད་མ་སྡོད་པར་བོད་དུ་ཕའི་གདམས་ངག་རྣམས་འབྲུག་པ་ཡབ་སྲས་ལ་འབུལ་དུ་སོང་གསུངས་ནས། དགོངས་པ་ཆོས་དབྱིངས་སུ་བསྡུས། དེ་ནས་བདུན་ཕྲག་གཉིས་འདས་པ་ན་ཡུམ་ཡང་སྔར་བཞིན་གསུངས་ནས་ཕཊ་སྒྲ་བཅས་མཁའ་སྤྱོད་དུ་གཤེགས། བུ་སློབ་རྣམས་ཀྱིས་པུར་ཁང་གཉིས་བརྩེགས་ཏེ། པུར་སྦྱངས་མཛད་རྗེས་བོད་དུ་ཕེབས། ཐོག་མར་རྒྱལ་དབང་ཆོས་ཀྱི་སྣང་བའི་སྤྱན་སྔར་འབྱོར་ཡང་དུས་ཅུང་འཕྱི་བས་རེ་ཞིག་སྦས་ཚུལ་དུ་ཅིག་ཆར་སྒྲུབ་སྡེར་བཞུགས། དབང་གསུམ་པའི་རྟེན་ཞིག་ཀྱང་བདག་གིར་བཞེས་ཏེ་བདེ་ཆེན་མྱུར་མགྱོགས་ཕོ་ཉའི་ལམ་མཆོག་མཐར་ཕྱིན། དེ་ནས་རིམ་པར་གསང་ཆེན་སློབ་བཤད་ཀྱི་སྐོར་རྣམས་རྒྱལ་དབང་འབྲུག་པ་དགུ་པ་དང་། རྗེ་ཡོངས་འཛིན་ལྔ་པ་དང་དྲུག་པ། ཆོས་མགོན་དྲུག་པ་དང་བདུན་པ། སྡིངས་ཆེ་གཅུང་སྤྲུལ་ཡངས་པ་བློ་བདེ་རྣམས་ལ་ཕུལ་ཅིང༌། ཁམས་ཕྱོགས་ནས་འབྲོང་པ་རྟོགས་ལྡན་ཕུན་ཚེ། ཉག་གཤིས་ནས་དགོན་ཕུ་བླ་མ་ལེགས་བཤད་སྤྲུལ་སྐུ་དང༌། གཡུ་མཚོ་རས་པའི་གྲུབ་ཆེན་བསྟན་པ། ལེགས་མཆོག་དར་རྒྱས་རྣམས་ཀྱིས་ཀྱང་ཞབས་ལ་ཐུག་པ་ཡིན། ཁྲིད་དང་ཞལ་གདམས་ཐོབ་པས་ལམ་སྣ་ཟིན་པ་དབུས་གཙང་ཁམས་གསུམ་དུ་ཆེས་མང་ངོ༌། །ཡོངས་འཛིན་ཡེ་ཤེས་གྲུབ་པས་རང་རིག་རས་པའི་སྐུ་སྐྱེ་བ་དེ་མ་ཐག་པ་ཡིན་པར་གསུངས། ཕྱིས་སུ་ཡོངས་འཛིན་ཤེས་བྱ་ཀུན་མཁྱེན་གསང་གླིང་དུ་བཞུགས་སྐབས་མནལ་ལམ་རྟགས་ཅན་ཞིག་བྱུང་བ་ལྟར། དེ་ནུབ་ཏུ་བདེ་ཆོས་ནས་བྱ་བཏང་ཆེན་པོ་མཁའ་སྤྱོད་དུ་ཕེབས་པར་གྲགས། གདུང་རྟེན་ཡང་བདེ་ཆོས་སུ་བཞུགས་སོ། །

{{#arraymap:ཁུ་ནུ་གྲུབ་ཐོབ་ཨ་ཙ་ར་འཇམ་དབྱངས་རྣམ་རྒྱལ་

|; |@@@ | | }}