5194
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | ཁོང་ནི། རྒྱ་གར་བྱང་ཕྱོགས། ཁུ་ནུའི་ཡུལ། སུས་རྣམ་ཞེས་པར། ཡབ་ཀ་ལན་པུར་ཞེས་པ་དང༌། ཡུམ་ནོར་སྐྱིད་གཉིས་ཀྱི་སྲས་སུ། རབ་བྱུང་བཅོ་ལྔ་པ་ཤིང་ལུག་ ༡༨༩༥ ལོར་འཁྲུངས། དགོངས་ལོ་བདུན་ལ་ཞང་པོ་བླ་མའི་མདུན་ནས་འབྲི་ཀློག་སྦྱང་། བཅོ་ལྔ་ལ་མངའ་རིས་ཆོས་གླིང་གྲྭ་ཚང་དུ་ཞུགས། དེར་ལོ་ཕྱེད་གསུམ་ཙམ་བཞུགས། བཅུ་དགུ་ལ་འབྲས་ལྗོངས་སུ། དགེ་བཤེས་ཨོ་རྒྱན་བསྟན་འཛིན་མདུན་ནས་ལོ་གསུམ་རིང་། དབྱངས་ཅན་སྒྲ་མདོ་དང་ཙནྡྲ་པ་སོགས་གསན་སྦྱོང་གནང༌། ཝཱ་རཱ་ཎ་སཱིར་པཎྜི་ཏ་དེ་བ་ཎཱ་ར་ཡཎ་ཏྲི་པཱ་ཋཱིའི་མདུན་ནས། སྒྲ་པཱ་ཎི་སོགས་སྦྱངས། དཀའ་སྤྱད་ཆེན་པོས་བོད་དུ་བཀྲས་ལྷུན་དུ་པཎ་ཆེན་ཡོངས་འཛིན་མདུན་དགེ་ཚུལ་བསྒྲུབས། ཚད་མ་སོགས་གསན་སྦྱང་མཛད། ཁམས་སུ་ཀཿཐོག་སི་ཏུ་དང༌། མཁན་པོ་གཞན་དགའ་བསྟེན་ཏེ། གཞུང་ཆེན་བཅུ་གསུམ་ཕལ་མོ་ཆེའི་བཤད་ཁྲིད། ཡེ་ཤེས་བླ་མ། ཐེག་མཆོག་མཛོད། ཆོས་དབྱིངས་མཛོད་སོགས་ཀྱི་ཟབ་ཁྲིད་ཞུས། འབྲུ་འཇམ་དབྱངས་གྲགས་པ་ལས་འབྲུག་པའི་གདམས་སྐོར་མང་པོ་དང༌། འགྲེལ་ཆེན་དྲི་མེད་འོད། གསོ་རིག་ཕྱི་མ་རྒྱུད་སོགས་གསན། གཞན་ཡང་རྨེ་བ་མཁན་ཆེན་ཡེ་ཤེས་དར་རྒྱས། གྲུབ་དབང་ལྔ་པ་ཆོས་ཀྱི་རྡོ་རྗེ། ཨ་འཛོམས་རྒྱལ་སྲས་འགྱུར་མེད་རྡོ་རྗེ། ཀཿཐོག་མཁན་ཆེན་ངག་དབང་དཔལ་བཟང༌། མཁན་ཆེན་ཀུན་བཟང་དཔལ་ལྡན། མཁྱེན་བརྩེ་ཆོས་ཀྱི་བློ་གྲོས། བླ་མ་འཇམ་རྒྱལ། དབོན་སྟོད་མཁྱེན་རབ། སྒ་ངག་དབང་ལེགས་པ་སོགས་གསར་རྙིང་མཁན་གྲུབ་ཕལ་མོ་ཆེ་ལ་གཏུགས་ནས། རྫོགས་ཆེན་སྙིང་ཐིག་གིས་མཚོན་པའི་བཀའ་གཏེར་དབང་ལུང༌། དཔལ་སྤྲུལ་གསུང་རྒྱུན་སྤྱོད་འཇུག་གི་ཁྲིད་སོགས་གསན་བསམ་མཛད། སྡེ་དགེ་དགོན་ཆེན་དུ་རིག་གནས་སྐོར་འཆད་སྤེལ་གནང་བའི་སྐབས་སུ། ཞལ་གསུང་ཟིན་ཐོར་བཀོད་པ་ངག་སྒྲོན་གྱི་འགྲེལ་བ་ཚིག་གསལ་མཛད། བོད་མདོ་དབུས་རྣམས་སུ། ཚུར་ཆོས་གསན་པ་དང་ཕར་རིག་གནས་འཆད་སྤེལ་བཅས་ལོ་བཅུ་གཉིས་བཞུགས་ཏེ། ཞེ་གསུམ་ལ་ཁུ་ནུར་ཕེབས། ཝཱ་རཱ་ཎ་སཱིར་གཞུང་ཕྱོགས་ཀྱི་མཐོ་རིམ་དགེ་རྒན་དུ་གདན་དྲངས་ནས། སྒྲ་སྙན་ངག་སྐར་རྩིས་སོགས་རིག་གནས་འཆད་ཁྲིད་ཀྱིས་ལོ་མང་བཞུགས། བྱང་ཆུབ་སེམས་བསྟོད་མཛད། མ་སུ་རིར་སློབ་གྲྭ་ལ་འཕགས་བསྟོད་ཀྱི་བཀའ་ཁྲིད་གནང་། དེའི་ཟིན་བྲིས་སོགས་གསུང་རྩོམ་མང་པོ་བཞུགས། ༸གོང་ས་བཅུ་བཞི་པ་ཆེན་པོས་ཀྱང་སྤྱོད་འཇུག་སོགས་གསན། ཀརྨ་པ་བཅུ་དྲུག་པས་ཕྱག་ཆེན་གྱི་ཁྲིད་གསན། གསེར་ལྗོངས་མཁན་ཆེན་ཨ་པད་ཀྱིས་བརྟག་གཉིས། གུར། སམྦུ་ཊ་སོགས་གསན། མཚོ་པདྨར་ཕེབས་ནས་སྙིང་ཐིག་སྐོར། མ་ན་ལི་ཅི་ཊ་རི་ལ་འབྲུག་ལུགས་སྐོར། གར་ཞ་དཀར་དྭངས་དགོན་པར་རོ་སྙོམས་སྐོར་དྲུག་སོགས་འབྲུག་འབྲས་ལྗོངས། བོད་བལ་ཡུལ། རྒྱ་གར་ཤར་ནུབ་སོགས་སུ་རིས་སུ་མ་ཆད་པའི་བླ་ཆེན་མི་ཆེན། སྐྱ་སེར་ཕོ་མོ་སོགས་ལ། གང་ལ་གང་འདོད་ཀྱི་ཆོས་ཀྱི་འཁོར་ལོ་དཔག་ཏུ་མེད་པ་བསྐོར། མཐར་གར་ཞ་ཤ་ཤུར་གླིང་དུ་ཕེབས་ནས་དྭགས་པོའི་ཐར་རྒྱན་གྱི་ཆོས་ཐུན་ཚུགས་བཞིན་པའི་མུར། དགུང་ལོ་གྱ་གསུམ་པ་མེ་སྦྲུལ་ ༡༩༧༧ ལོའི་ཆོ་འཕྲུལ་ཟླ་བའི་ཚེས་གཉིས་ལ་ཞི་བར་གཤེགས་སོ། །སྐུ་གདུང་མཆོད་རྟེན་ཡང་དེར་བཞེངས་སོ། ། |