51990

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མཆིམས་ནམ་མཁའ་གྲགས་པ་ (1)
Part of speech མིང་ཚིག
Definition རྗེ་འདི་ནི་མྱང་སྟོད་སྨོན་འགྲོའི་ཁ་འུར་ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་གྱི་བློན་པོ་མཆིམས་རྡོ་རྗེ་སྤྲེལ་ཆུང་གི་རྒྱུད་དུ་རབ་བྱུང་བཞི་པའི་ལྕགས་རྟ་ཕྱི་ལོ་ ༡༢༡༠ ལོར་སྐུ་འཁྲུངས། སྐུ་གཞོན་ནུའི་དུས་ནས་རབ་ཏུ་བྱུང༌། དཔལ་གྲོ་མོ་ཆེ་ལས་བསྙེན་པར་རྫོགས། དཔལ་ལྡན་གྲོ་དང༌། ཞང་སྟོན། མཆིམས་བློ་བརྟན་མཉམ་མེད་སངས་རྒྱས་སྒོམ་པ་བ་བཞི་ལས་བཀའ་གདམས་པའི་ཆོས་སྐོར་རྣམས་ཀྱི་བཀའ་དྲིན་མནོས། དགེ་བའི་བཤེས་གཉེན་བཀྲ་ཤིས་སྒང་པ་ལ་བྱང་སེམས་ཟླ་བ་རྒྱལ་མཚན་ལས་རྒྱུད་པའི་ལྟ་བའི་ནམ་ངག་ལ་སོགས་པ་གསན་པས་བསྟན་པའི་བདག་པོར་གྱུར། དགུང་གྲངས་ཞེ་གཅིག་པ་ལྕགས་ཁྱི་ཕྱི་ལོ་ ༡༢༥༠ ལོར་སྣར་ཐང་གི་གདན་ཁྲིར་ཕེབས། གཙུག་ལག་ལ་སྦྱངས་པའི་མཁྱེན་པའི་སྤྱན་ཡངས་ཤིང༌། ཆོས་མངོན་པ་མཛོད་ཀྱི་ཊཱིཀྐ་ཆེན་པོ་མཆིམས་མཛོད་སོགས་རྩོམ་པ་མང་དུ་མཛད། གྲོ་མོ་ཆེས་མཛད་པའི་ལམ་རིམ་རྩ་ཚིག་ཚིགས་བཅད་མ་ལ་ལུང་རིག་གིས་བརྒྱན་པའི་འགྲེལ་པ་ཁྲིད་ཡིག་ལམ་མཆོག་རིན་པོ་ཆེ་ཞེས་བྱ་བ་ཞིག་ཀྱང་མཛད། ཆུ་མིག་ཆོས་འཁོར་གྱི་གྲལ་གཙོ་ཡང་གནང་སྟེ་འགྲོ་མགོན་ཆོས་རྒྱལ་འཕགས་པ་སོགས་གངས་ཅན་གྱི་ཆེ་རྒུ་རྣམས་ཀྱིས་མཆོད་ཅིང་བཀུར། གཞན་ཡང་སྐྱེལ་ནག་བྲག་སེང་དང༌། རྒྱང་རོ་པཎ་ཆེན། བཅོམ་ལྡན་རིགས་པའི་རལ་གྲི་ལ་སོགས་པའི་སློབ་མ་མཁས་པ་མང་དུ་བསྐྱངས། རྗེ་འདི་ཉིད་འཕགས་པའི་གནས་བརྟན་བཅུ་དྲུག་གི་ཡ་གྱལ་ཞིག་དང་སངས་རྒྱས་སྨན་པའི་རྒྱལ་པོའི་སྤྲུལ་པར་གྲགས་ཤིང༌། བསྟན་པའི་རྩ་ལག་ཆེན་པོ་དང་མཆིམས་ཐམས་ཅད་མཁྱེན་པ་ཞེས་མཁས་པའི་གྲགས་པ་ས་སྟེང་ཁྱབ། དཔལ་སྣར་ཐང་ཆོས་སྡེ་ལོ་སོ་དྲུག་བསྐྱངས་ནས་དགུང་ལོ་བདུན་དྲུག་པ་རབ་བྱུང་ལྔ་པའི་ཤིང་བྱ་ཕྱི་ལོ་ ༡༢༨༥ ལོའི་ས་ཟླའི་ཚེས་བཅུ་བཞི་ཉིན་སྐུ་མྱ་ངན་ལས་འདས།