52013

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མཆིལ་ལྷམ་གནང་བ་ (1)
Part of speech མིང་ཚིག
Definition མདོ། འདུལ་བ། ཡུལ་གང་དུ་གནང་ན་རྒྱ་གར་རྡོ་རྗེ་གདན་ནས་ཤར་ཕྱོགས་སུ་ལི་ཁ་ར་ཤིང་འཕེལ་དང། ལྷོར་ཆུ་ཀླུང་འདམ་བུ་ཅན་དང། ནུབ་ཏུ་བྲམ་ཟེའི་གྲོང་ཀ་བ་དང། ཉེ་བའི་ཀ་བ་གཉིས་དང། བྱང་དུ་ཨུ་ཤི་རིའི་རི་སྟེ་རི་བོ་མུན་པ་ཅན་གྱི་བར་རྣམས་ལ་དཔག་ཚད་དྲུག་ཅུ་དྲུག་ཅུ་ཡོད་པས་དེ་དག་གི་ནང་དུ་ཆུད་པ་ནི་ས་ཚིགས་ཀྱི་ཡུལ་དབུས་དང། ཕྱི་རོལ་ནི་མཐའ་འཁོབ་ཡིན་པས་ས་ཚིགས་ཀྱི་མཐའ་འཁོབ་ནི་གྲང་ཞིང་ས་རྩུབ་པས་རྐང་པ་ཆུད་མི་ཟ་བར་བྱ་བའི་ཕྱིར་མཆིལ་ལྷམ་གནང་ལ། དམིགས་བསལ་ལ་ཡུལ་དབུས་སུ་ཡང་ཁྲི་ལ་སོགས་པའི་གནས་མལ་ཆུད་མི་ཟ་བའི་ཕྱིར་སྐབས་འགའ་རེར་མཆིལ་ལྷམ་གནང་སྟེ། ཇི་སྐད་དུ། ཡུལ་དབུས་ཀྱི་མཚམས་སོ། །ཤར་དུ་ལི་ཁར་ཤིང་འཕེལ་གྱི། ཞེས་པ་ནས། མཐའ་འཁོབ་ཏུ་མཆིལ་ལྷམ་དག་བཅང་བར་བྱའོ། །གནས་མལ་བསྐྱབ་པའི་ཕྱིར་ཡང་ངོ་། །ཞེས་སོ། །ཚུལ་ཇི་ལྟར་བཅང་ན་གཙོ་བོར་མཐིལ་ཆིག་རིམ་ཅན་གནང་ཞིང། ཁ་དོག་ཁྲ་བོ་དང། དབྱིབས་ལུག་རུ་ལྟ་བུར་གཉེར་མ་མཐོ་དམན་དུ་བྱས་པ་སོགས་དང། རྒྱན་གསེར་དངུལ་གྱིས་སྤྲས་པ་དང། སྒྲ་ཐྲིག་ཐྲིག་དང། ཁྲོག་ཁྲོག་དང། ཏུག་ཏུག་ཟེར་བ་ལ་སོགས་པ་མི་བཅང་ངོ་། །སྣ་དང་རྟིང་པའི་སྦུབས་ཅན་ཡང་གནང་ཞིང། ཡུལ་གང་དུ་ཆབ་རོམ་སྟེ་འཁྱག་པ་འབྱུང་བའི་སར་ཞྭ་དང། ལྷམ་སྒྲོ་གུ་ཅན་ཡང་བཅང་བར་བྱ་བར་བཤད་དོ། །སྟོན་པ་དང། མཁན་པོ་དང། སློབ་དཔོན་ལ་སོགས་པའི་དྲུང་དུ་མཆིལ་ལྷམ་བསྒོ་བར་མི་བྱ་སྟེ། ཇི་སྐད་དུ། བླ་མའི་དྲུང་དུ་མཆིལ་ལྷམ་བགོ་བ་བརྟེན་པར་མི་བྱའོ། །ཞེས་སོ། །ནམ་ཟ་བཏུང་བྱེད་པ་ན་མཆིལ་ལྷམ་ཕུད་པར་བྱ་སྟེ། གཞུང་དུ། མཆིལ་ལྷམ་དང་བཅས་བཞིན་དུ་ཟ་བར་མི་བྱའོ། །ཞེས་པཎ་ཆེན་ངག་ཆོས་ཀྱི་འདུལ་བའི་སྤྱི་དོན་ཐུབ་བསྟན་ཉིན་བྱེད་ལས་སོ། །
Domain ཆོས་ལུགས།