52182
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | སྟག་ལུང་པའི་མཆོད་ཁང་དམར་ནག་ཁྲ་གསུམ་གྱི་ཡ་གྱལ་ཏེ། སྟག་ལུང་མར་ཐང་རི་བོ་ཆེའི་གདན་རབས་གཉིས་པ་ཆོས་སྐུ་ཨོ་རྒྱན་མགོན་པོས། རབ་བྱུང་ལྔ་པའི་ལྕགས་པོ་སྤྲེལ་ཕྱི་ལོ་ ༡༣༢༠ ལོར་བཞེངས་སྐྲུན་མཛད་པ་དང་། ཕྱོགས་མཚམས་དབུས་དགུར་གཏེར་བུམ་རྣམས་བཞགས་ཏེ། དུས་ཀྱི་འཁོར་ལོའི་དཀྱིལ་འཁོར་གྱི་ཐིག་བཏབ། བལ་པོའི་བཟོ་བོ་ཛ་ཡ་དང་གུང་ཐང་དབང་ཕྱུག་འབུམ། མདོ་ཁམས་པ་དཔོན་བསོད་ནམས་སོགས་ཀྱིས་ལག་རྩལ་པ་བྱས་ཏེ། འོག་ཁང་གི་ཕྱི་ཁོག་ལ་ལོགས་རེར་སྲིད་དུ་གཞུ་འདོམ་སོ་བརྒྱད་དང་དཔངས་སུ་དྲེའུ་གཟུགས་བཅུ་གཉིས་ཀྱི་ཚད་ལྡན་པའི་གྱང་དང་། ནང་ཁོག་ངོས་སྙོམས་པའི་རྡོ་སྐྱའི་ཁྲོབ་བརྩེགས་ཁྱམས་དང་བཅས་པར་ཀ་བ་བརྒྱ་དང་བརྒྱད་ཅུའི་རྒྱ་ཁྱོད་ལྡན་པའི་མ་ཁང་དང་། མ་ཁང་གི་རྒྱ་ཁྱོན་ནས་ཅུང་ཟད་བསྐུམས་པའི་བར་ཁང་དང་། དེའི་རྒྱ་ཁྱོན་ནས་ཅུང་ཟད་བསྐུམས་པའི་སྟེང་ཁང་ཞ་ཉེའི་བད་ཁེབས་བཀོད་པ་བཅས། སུམ་ཐོག་གིས་སྐུ་གསུང་ཐུགས་ཀྱི་འཁོར་ལོ་གསུམ་གྱི་མཚོན་དོན་ཅན་རྒྱན་དང་བཀོད་པ་ཕུན་སུམ་ཚོགས་པར་མཛད་ནས། གཙུག་ལག་ཁང་ཆེན་བཀྲ་ཤིས་དཔལ་གྱི་ལྷུན་པོ་འཛམ་གླིང་རྒྱན་གཅིག་ཅེས་མཚན་གསོལ། ཕྱིས་སུ་གོང་མ་གཡུང་ཏྲིང་གིས་དགེ་འཕེལ་ལྷ་ཁང་ཞེས་པའི་གསེར་ཡིག་གི་སྒོ་པཎ་ཞིག་ཕུལ་ཚུལ་ཡང་གསལ་ལ། ཤོད་ཁང་སྐུ་ཡི་འཁོར་ལོ་ཁྲ་བོ། བར་ཁང་གསུང་གི་འཁོར་ལོ་དམར་པོ། སྟེང་ཁང་ཐུགས་ཀྱི་འཁོར་ལོ་དཀར་པོ་བཅས་ཀྱི་མདངས་ཅན་ཡིན་པས་ཡོངས་གྲགས་སུ་མཆོད་ཁང་ཆེན་མོ་ཁྲ་འགྱེད་མ་ཞེས་གྲགས་སོ། ། |