52226

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མཆོད་པ་བསང་བ་ (1)
Part of speech མིང་ཚིག
Definition སྔགས། རྣལ་འབྱོར་རྒྱུད། བསང་བྱའི་བགེགས་ནི། རིག་པ་མཆོག་གི་རྒྱུད་ལས། ལོག་འདྲེན་ཆུ་ལྟར་གཡོ་བ་ཞེས། །ཆུ་ལ་གནས་པའི་རིག་སྔགས་འཆང་། ཞེས་སོགས་མཆོད་པ་ལ་གནས་ནས་སྒྲུབ་པ་པོ་ལ་བར་དུ་གཅོད་པའི་བགེགས་རྣམས་བསྐྲད་པའི་ཕྱིར། རྡོ་རྗེ་ཐལ་མོ་ལས་མཐེ་བོང་གཉིས་བརྐྱངས་ལ་མཛུབ་མོ་གཉིས་མཆེ་བ་ལྟར་བྱ་བ་རྡོ་རྗེ་གནོད་སྦྱིན་གྱི་ཕྱག་རྒྱ་སྙིང་གར་བཅས་ལ། རང་རྡོ་རྗེ་གནོད་སྦྱིན་དུ་བསྒོམས་ཏེ་ཡཀྵའི་སྔགས་ཀྱིས་བགེགས་དེ་རྣམས་བསང་། རྡོ་རྗེ་བསྡམས་པ་ནང་བཅིངས་ཁ་གྱེན་དུ་བྱས་པའི་སོར་མོ་རྣམས་ནང་དུ་བསྣོལ་བ་འབར་བ་ལྟར་བྱས་ལ། མཐེ་བོང་གཉིས་གུང་མོ་དང་སྲིན་ལག་གི་བར་དུ་བསྒྲེངས་ཏེ་རྩེ་སྦྱར་བ་རྡོ་རྗེ་མེའི་ཕྱག་རྒྱ་བཅས་པ་ལས་བཛྲ་ཛྭ་ལའི་སྔགས་བརྗོད་པས་མེ་འོད་འཕྲོས་ཏེ་མཆོད་རྫས་ཀྱི་འབག་བཙོགས་བསལ་ཞིང་གཟི་བརྗིད་ཕུན་སུམ་ཚོགས་པར་བསམ་མོ། །ཞེས་ཤར་བླ་མའི་ཀུན་རིག་རྣམ་བཤད་གཞན་ཕན་མཛེས་རྒྱན་ལས་སོ། །སྤྱིར་མཆོད་པ་རྣམས་ལ་བསང་བྱ་བགེགས་དང་འབག་བཙོག་གཉིས་ཡོད་པ་ལས། དང་པོ་ནི། མེ་ཏོག་ལ་མེ་ཏོག་ཆེར་བཀོད་མ། བདུག་སྤོས་ལ་ནག་པོའི་ལུས་ཅན། མར་མེ་ལ་གཙུག་ཕུད་གཅིག་མ། དྲི་ཆབ་ལ་གཡོག་མོ་སོ་ཅན། ཞལ་ཟས་ལ་ཟས་སུ་གཏོར་མ་ཟ་བ་སོགས་གནས་ནས་སྒྲུབ་པ་པོའི་སེམས་རྒྱུད་ཕྱིན་ཅི་ལོག་ཏུ་བསྒྱུར་བར་རིག་པ་མཆོག་གི་རྒྱུད་ལས་གསུངས་པས་བགེགས་དེ་རྣམས་བསལ་བའི་ཕྱིར། རང་རྡོ་རྗེ་གནོད་སྦྱིན་དུ་བསྒོམ་ནས་ཨོཾ་བཛྲ་ཡཀྵ་ཧཱུྃ་དང་དེའི་ཕྱག་རྒྱ་སྙིང་གར་བཅས་པས་བགེགས་དེ་རྣམས་རྒྱང་རིང་དུ་བསྐྲད་པར་བསམ་མོ། །གཉིས་པ་ནི། རྡོ་རྗེ་མེའི་སྔགས་བརྗོད་ཅིང་ཕྱག་རྒྱ་བཅས་པས་ཕྱག་རྒྱ་དེ་ལས་མེ་འོད་འཕྲོས་ཏེ་མཆོད་རྫས་རྣམས་ཀྱི་འབག་བཙོག་ཐམས་ཅད་བསྲེགས་ནས་གཟི་བརྗིད་ཕུན་སུམ་ཚོགས་པར་བསྐྱེད་དོ་ཞེས་སྡེ་གཞུང་ཆོས་འཕེལ་གྱི་ཀུན་རིག་རྣམ་བཤད་ལས་སོ། །
Domain ཆོས་ལུགས།