52261
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མདོ། ཕར་ཕྱིན། མཚན་ཉིད་ནི། ལམ་སྐྱེ་མེད་དུ་མངོན་སུམ་དུ་རྟོགས་པའི་སྒོ་ནས་རང་རྒྱུད་ལྡན་གྱི་བྱང་སེམས་འཕགས་པའི་འཇིག་རྟེན་གྱི་དོན་སྒྲུབ་པར་བྱེད་པའི་མཁྱེན་པ། ས་མཚམས་ནི། ས་དང་པོ་ནས་རྒྱུན་མཐའི་བར་ན་ཡོད་དོ། །ཞེས་ཀུན་མཁྱེན་གོ་རམས་པའི་ཡུམ་དོན་རབ་གསལ་ལས་སོ། །རང་སྲས་བྱང་སེམས་འཕགས་པའི་བཞེད་དོན་སྒྲུབ་བྱེད་ཀྱི་མཁྱེན་པ་དེ། ཡུམ་ལམ་ཤེས་ཀྱི་མཚན་ཉིད། དེ་ནི་ལམ་ཤེས་མཐའ་དག་ལ་བྱ། དེ་ལ་བྱང་སེམས་ཀྱི་རྒྱུད་ཀྱི་ལམ་ཤེས་ཀྱིས་ནི་བྱང་སེམས་ཀྱི་བཞེད་དོན་དངོས་སུ་སྒྲུབ། སངས་རྒྱས་ཀྱི་ལམ་ཤེས་ཀྱིས་ནི་བྱང་སེམས་ཀྱི་ནི་བཞེད་དོན་བརྒྱུད་ནས་སྒྲུབ་པར་བྱེད་དོ། །འདིར་བྱང་སེམས་ཀྱི་བཞེད་དོན་ནི། གཞན་དོན་དུ་འཁོར་བར་སྐྱེ་བ་བླངས་པའི་སྒོ་ནས་འཇིག་རྟེན་གྱི་དོན་སྒྲུབ་པ་མཛད་པའོ། །ཞེས་པཎ་ཆེན་ཤཱཀ་མཆོག་གིས་རྒྱན་འགྲེལ་ལུང་དོན་རྒྱ་མཚོ་ལས་གསུངས་སོ། །ལམ་འཛིན་པ་ཆོས་ཀྱི་བདག་གི་སྐྱེ་མེད་དུ་མངོན་སུམ་དུ་རྟོགས་པའི་སྒོ་ནས་རང་སྲས་བྱང་སེམས་འཕགས་པའི་འཇིག་རྟེན་གྱི་དོན་སྒྲུབ་པར་བྱེད་པའི་མཁྱེན་པ། མཚན་གཞི་ནི། ཐེག་ཆེན་གྱི་མཐོང་བསྒོམ་གཉིས་སོ། །མཆོད་ཡུལ་གཞི་ཤེས་སོགས་ཀྱི་རྣམ་བཞག་བྱེད་ན། འདི་དང་སངས་རྒྱས་ཀྱི་བཞེད་དོན་སྒྲུབ་བྱེད་ཡུམ་གཉིས་ལ་བྱེད་རིགས་ཀྱིས། ཐེག་དམན་གྱི་ཡུམ་ལ་དེ་གསུམ་གྱི་རྣམ་བཞག་མི་ཐོབ་སྟེ། མཆོད་ཡུམ་ཡིན་ན། ཐེག་ཆེན་གྱི་མཁྱེན་པ་ཡིན་དགོས་པའི་ཕྱིར་དང་། ཐེག་དམན་གྱི་མཁྱེན་པ་ལ་རྗེ་བཙུན་བྱམས་པ་མགོན་པོས་བསྟོད་ཕྱག་མ་མཛད་པའི་ཕྱིར་རོ། །ཞེས་པཎ་ཆེན་ངག་ཆོས་ཀྱིས་རྒྱན་འགྲེལ་དགོངས་དོན་རབ་གསལ་ལས་གསུངས་སོ། ། |
| Domain | ཆོས་ལུགས། |