52469

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མཉམ་ཉིད་བཅུ་ (1)
Part of speech མིང་ཚིག
Definition མདོ། དབུ་མ། ས་དྲུག་པ་བས་ཡུལ་གཟིགས་ཚུལ་ཞིག་སྟེ། བསྟན་དར་བའི་དབུ་མའི་སྤྱི་དོན་ལས། བྱང་སེམས་ས་ལྔ་པ་བ་ས་དྲུག་པར་འཇུག་པ་དེའི་ཚེ་ན། མཉམ་ཉིད་བཅུའི་སྒོ་ནས་འཇུག་སྟེ། ས་བཅུ་པ་ལས། ས་ལྔ་པ་བ་དེ་ས་དྲུག་པ་ལ་འཇུག་པ་ན། ཆོས་མཉམ་པ་ཉིད་བཅུས་འཇུག་གོ ། བཅུ་གང་ཞེ་ན། འདི་ལྟ་སྟེ། ཆོས་ཐམས་ཅད་མཚན་མ་མེད་པར་མཉམ་པ་ཉིད་དང༌། ཆོས་ཐམས་ཅད་མཚན་ཉིད་མེད་པར་མཉམ་པ་ཉིད་དང༌། དེ་བཞིན་དུ་སྐྱེ་བ་མེད་པ་དང༌། མ་སྐྱེས་པ་དང༌། དབེན་པ་དང༌། གདོད་མ་ནས་རྣམ་པར་དག་པ་དང༌། སྤྲོས་པ་མེད་པ་དང༌། བླང་བ་མེད་པ་དང༌། །དོར་བ་མེད་པར་མཉམ་པ་ཉིད་དང༌། ཆོས་ཐཾད་སྒྱུ་མ་དང༌། རྨི་ལམ་དང༌། མིག་ཡོར་དང༌། བྲག་ཅ་དང༌། ཆུ་ཟླ་དང༌། གཟུགས་བརྙན་དང༌། སྤྲུལ་པ་ལྟ་བུར་མཉམ་པ་ཉིད་དང༌། ཆོས་ཐམས་ཅད་དངོས་པོ་དང༌། དངོས་པོ་མེད་པ་གཉིས་སུ་མེད་པར་མཉམ་པ་ཉིད་དེ། དེ་ཆོས་ཐཾད་ཀྱི་རང་བཞིན་དེ་ལྟར་རབ་ཏུ་རྟོགས་པ་ན། རྣོ་ཞིང་རྗེས་སུ་མཐུན་པའི་བཟོད་པས། བྱང་ཆུབ་སེམས་དཔའི་ས་དྲུག་པ་མངོན་དུ་གྱུར་པ་རྗེས་སུ་ཐོབ་སྟེ། ཞེས་གསུངས་པའི་ཕྱིར། ལུང་དེས་ས་དྲུག་པ་བས་ཡུལ་གཟིགས་ཚུལ་བསྟན་ཏེ། ཆོས་ཐམས་ཅད་སྒྱུ་མ་དང༌། ཞེས་སོགས་ཚིག་རྐང་བདུན་མ་གཏོགས་པའི་ལྷག་མ་རྣམས་ཀྱིས། མཉམ་གཞག་སྐབས་སུ་ཡུལ་གཟིགས་ཚུལ་དང༌། བདུན་པོས་རྗེས་ཐོབ་སྐབས་ཡུལ་གཟིགས་ཚུལ་བསྟན་པའི་ཕྱིར། དང་པོ་དེར་ཐལ། ཚིག་རྐང་དང་པོ་གཉིས་ཀྱིས་མདོར་བསྟན། གཞན་རྣམས་ཀྱིས་རྒྱས་པར་བཤད་པའི་ཕྱིར། དང་པོ་དེར་ཐལ། ཆོས་ཐཾད་མཚན་མ་མེེད་པ། ཞེས་པ་དེས། ས་དྲུག་པ་ཐོབ་མ་ཐག་པའི་མཉམ་གཞག་ཡེ་ཤེས་དེའི་གཟིགས་ངོར། སྔོ་སེར་ལ་སོགས་པའི་མཚན་མ་ཐ་དད་མེད་པ་མཉམ་པ་ཉིད་དང༌། ཆོས་ཐཾད་མཚན་ཉིད་མེད་པ། ཞེས་པ་དེས། ཆོས་ཐཾད་རང་གི་མཚན་ཉིད་ཀྱིས་གྲུབ་པ་མེད་པ་མཉམ་པ་ཉིད་དུ་བསྟན་པའི་ཕྱིར། གཞན་རྣམས་ཀྱིས་རྒྱས་པར་བཤད་པ་ཡིན་ཏེ། མ་འོངས་པའི་དུས་ཀྱི་དངོས་པོ་རྣམས་རང་བཞིན་གྱིས་སྐྱེ་བ་མེད་པ་མཉམ་པ་ཉིད་དང༌། འདས་པའི་དུས་ཀྱི་དངོས་པོ་དང༌། ད་ལྟ་བའི་དུས་ཀྱི་དངོས་པོ་རྣམས་རང་བཞིན་གྱིས་མ་སྐྱེས་པ་མཉམ་པ་ཉིད་དང༌། དུས་གསུམ་གའི་དངོས་པོ་རང་བཞིན་གྱིས་གྲུབ་པས་དབེན་པ་མཉམ་པ་ཉིད་དང༌། དེ་ཡང་འཕྲལ་དུ་ལུང་རིགས་སོགས་ཀྱིས་བཅོས་པ་མ་ཡིན་པར་གདོད་ནས་རང་བཞིན་གྱིས་དབེན་པ་མཉམ་པ་ཉིད་དང༌། སྤྲོས་པ་མེད་པ། ཞེས་པ་དེས། མཉམ་གཞག་དེའི་གཟིགས་ངོར་བླང་དོར་ཐ་དད་པའི་གཉིས་སྣང་མེད་པ་མཉམ་པ་ཉིད་དམ། རང་གི་མཚན་ཉིད་ཀྱིས་གྲུབ་པའི་བླང་དོར་མེད་པ་མཉམ་པ་ཉིད་དང༌། རང་གི་མཚན་ཉིད་ཀྱིས་གྲུབ་པའི་དངོས་པོ་མེད་པ་གཉིས་སུ་མེད་པ་མཉམ་པ་ཉིད་དུ་བསྟན་པའི་ཕྱིར། དེ་བཞིན་དུ། ཞེས་པ་དེ། འདུས་བྱས་ཀྱི་ཆོས་ཐཾད་ཅེས་པ་དེ་ལ་སྙེག་པ་ཡིན་ལ། ཚིག་རྐང་བདུན་པོ་དེས་རྗེས་ཐོབ་སྐབས་ཡུལ་གཟིགས་ཚུལ་བསྟན་ཏེ། སྒྱུ་མའི་རྟ་གླང་བཞིན་དུ། གཟུགས་སོགས་བདེན་སྟོང་སྒྱུ་མ་སོགས་དང་འདྲ་བར་གཟིགས་པར་གསུངས། ཞེས་གསུངས།
Domain ཆོས་ལུགས།