52523

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མཉམ་མེད་ཤེས་རབ་རྒྱལ་མཚན་ (1)
Part of speech མིང་ཚིག
Definition དྲན་པའི་ཁ་བྱང་ལས། སྟོང་རྒྱུང་སྤྲུལ་བ་ཤེས་རབ་རྒྱལ་མཚན་གྱིས། དབུས་རུའི་དཀྱིལ་དུ་བསླབ་གསུམ་བསྟན་པ་འཛུགས། ཞེས་མ་འོངས་ལུང་གིས་བསྔགས་པའི་རྒྱལ་བ་གཉིས་པ་མཉམ་མེད་ཤེས་རབ་རྒྱལ་མཚན་མཆོག་ནི། སྐྱེ་ཕྲེང་དུ་མའི་གོང་ནས་ཕྱི་ནང་གསང་གསུམ་གྱི་བསྟན་པའི་བདག་པོོར་བཞེས་ཏེ། བསྟན་འགྲོར་ཕན་པའི་འཕྲིན་ལས་རླབས་ཆེན་མཛད་ཡོད། ལྔ་བརྒྱ་དུས་ཀྱི་ཐ་མར་མདོ་སྨད་རྔ་བ་ཁུལ། ཆུ་ཆེན་རྫོང་ཁོངས་སུ་གཏོགས་པའི་སྟེགས་སྐྱོག་ཞེས་པའི་ས་གནས་དེར་ཡབ་དབྲ་རིགས་ཀླུ་རྒྱལ་དང་། ཡུམ་མཁའ་འགྲོ་རིན་ཆེན་སྨན་གཉིས་ལ། བོད་མེ་ཕོ་སྤྲེལ་ཕྱི་ལོ་ ༡༣༥༦ ལོའི་ཟླ་དང་པོའི་ཡར་ཚེས་ལྔ་ལ་ངོ་མཚན་རྟེན་འབྲེལ་བཅས་སྐུ་མཆོག་མཚན་དཔེ་མངོན་པར་བཞད། ཆུང་ནས་མཁྱེན་དཔྱོད་རྣོ་བས་ཡབ་ཀྱི་མདུན་དུ་རྒྱུ་ཡི་བོན་སྐོར་མཁྱེན་རྒྱ་ཡངས་པ་བྱུང་། དགུང་ལོ་བཅུ་བ་ཤིང་སྦྲུལ་ཕྱི་ལོ་ ༡༣༦༥ ལོར་ཕྱྭ་བླ་གཡུང་དྲུང་རྒྱལ་མཚན་གྱི་དྲུང་དུ་བསྙེན་གནས་དང་། དགེ་བསྙེན། གཙང་གཙུག་བཅས་སྡོམ་པ་བཞེས། མཚན་ལ་ཤེས་རབ་རྒྱལ་མཚན་དུ་གསོལ། དེ་ནས་སྐྱེས་ཆེན་དུ་མའི་ཞབས་ལ་གཏུགས་ཏེ་དབང་ལུང་ཁྲིད་ཀྱི་རྒྱུན་རྣམས་ཐུགས་རྒྱུད་ལ་ལེན་ནས། སྒོམ་སྒྲུབ་གྱི་ཉམས་ལེན་མཐའ་རུ་ཕྱིན་པར་མཛད། དགུང་ལོ་སུམ་ཅུ་སོ་གཅིག་མེ་སྟག་ཕྱི་ལོ་ ༡༣༨༦ ལོར་དབུས་གཙང་དུ་ཕེབས་ཏེ་འདུ་གནས་ཆེན་པོ་དབེན་ས་ཁའི་གདན་རབས་གཡས་རུའི་སྟོན་པ་བཅོ་བརྒྱད་ཀྱི་ཐ་མ་མཁས་གྲུབ་རིན་ཆེན་བློ་གྲོས་ཀྱི་མདུན་ན་བོན་སྒོ་མང་པོ་ཞིག་མཁྱེན་རྟོགས་བྱུང་སྟེ། མཁན་ཆེན་ཚུལ་ཁྲིམས་ཡེ་ཤེས་དྲུང་དུ་འདུལ་ཁྲིམས་ཉིས་བརྒྱ་ལྔ་བཅུའི་སྡོམ་པ་བཞེས་ཡོད། དེ་བཞིན་རོང་སྟོན་ཤེས་བྱ་ཀུན་རིག་གི་སྤྱན་སྔར་མདོ་ཕྱོགས་བཀའ་པོད་སོགས་སྦྱངས་པ་མཛད་ཅིང། དཔལ་ལྡན་གསང་ཕུ་ནེའུ་ཐོག་གི་གདན་སར་རབ་འབྱམས་སྨྲ་བའི་མཚན་སྙན་ཐོབ། དམ་པ་ཉིད་དབེན་ས་ཁའི་གདན་ས་དབུ་རྩེ་དཀར་དམར་གྱི་བསྟན་པའི་བདག་པོར་ཡང་གྱུར། དགུང་ལོ་ལྔ་བཅུ་ཤིང་བྱ་ཕྱི་ལོ་༡༤༠༥ ལོར་བོན་གྱི་གྲྭ་ས་གཙོ་བོར་གྱུར་པའི་བཀྲ་ཤིས་སྨན་རིའི་དགོན་གསར་འདེབས་གནང་སྟེ། ཁང་ཚན། གྲྭ་ཤག ཁོར་ཡུག་བཅས་གྲུབ་རྟགས་རྫུ་འཕྲུལ་གྱིས་བསྐྲུན་ཞེས་སོ། །གསུང་རྩོམ་སྐོར་ནི་མཉམ་མེད་བཀའ་འབུམ་ལ་གཟིགས། རྗེས་འཇུག་སློབ་མ་གྲངས་ལས་འདས་མོད་ཀྱང་། མཁས་གྲུབ་གཉིས་ལྡན་བུ་སློབ་ནི་ཉིད་ཀྱི་རྒྱལ་ཚབ་རིན་ཆེན་རྒྱལ་མཚན། མངའ་རིས་བསོད་ནམས་རྒྱལ་མཚན། བྲུ་ཡི་གདུང་འཛིན་ཀུན་དགའ་དབང་ལྡན། ཤེས་རབ་སེང་གེ། མེ་ཉག་བསོད་ནམས་རྒྱལ་མཚན་སོགས་བྱུང་ཡོད། མཐར་དགུང་ལོ་དྲུག་ཅུ་ཤིང་ལུག་ཕྱི་ལོ་ ༡༤༡༥ ལོའི་དབྱར་ཟླ་ཐ་ཆུང་གི་ཚེས་བརྒྱད་ཐོ་རེངས་ལ་ན་བཟའ་གོས་དྲུག་སྐུ་ལ་ཚང་བར་གསོལ་ཞིང། རྗེ་བཙུན་ཡར་མེ་བ་ཆེན་པོ་ཡང་བོན་འཆད་པའི་ངང་ནས་ཞི་བར་གཤེགས་པས་བདག་ཀྱང་དེ་ལྟར་བྱ་དགོས། ཞེས་གསུངས་ཏེ། བོན་སྤྱོད་རིམ་པ་དགུ་གསུངས་ཟིན་ནས་གཞི་རང་ངོ་སྤྲད་པ་གཅེར་མཐོང་ལྟ་བའི་ཁྲིད་གདམས་ཀྱི་སྐབས་དེར། སྤྱན་མཁའ་དབྱིངས་སུ་དར་ཙམ་གཟིགས་ཏེ་མ་རིང་པར་དགོངས་པ་བོན་ཉིད་ཀློང་དུ་བསྡུས་པའོ། །གནད་བསྡུས་ཙམ་སྟེ་རྒྱས་པོ་ཀུན་མཁྱེན་ཉི་མ་བསྟན་འཛིན་གྱི་རང་རྣམ་སོགས་ལ་གཟིགས།

{{#arraymap:མཉམ་མེད་ཤེས་རབ་རྒྱལ་མཚན་

|; |@@@ | | }}