52538

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མཉམ་རྗེས་འབྲལ་མེད་དགོངས་པ་རྣམ་དྲུག་ (1)
Part of speech མིང་ཚིག
Definition དང་པོ་བར་སྣང་སེར་བུའི་དཔེས་མཚོན་ནས། ། གསལ་དག་ཡེ་ཤེས་ནམ་མཁའ་ལྟ་བུའི་ངང༌། ། འགྱུ་བ་དག་གྲལ་རང་དྭངས་ཉམས་སུ་བླང༌། ། ཟང་ཐལ་འཛིན་མེད་ཉམས་སུ་མྱོང་བ་ཡིན། ། དེ་ལྟར་མ་ཤེས་རྩེ་གཅིག་ཏིང་འཛིན་ནི། ། མར་མེ་རླུང་གིས་བསྐྱོད་བཞིན་རྐྱེན་མི་ཐུབ། ། གཉིས་པ་ནམ་ལངས་ཉི་ཤར་དཔེས་མཚོན་དང༌། ། ང་དྭངས་གསལ་འགྲིབ་མཐའ་བྲལ་ཉམས་སུ་བླང༌། ། རང་དག་གསལ་དྭངས་ཡེ་ཤེས་མྱོང་བ་ཡིན། ། དེ་ལྟར་མ་ཤེས་རིམ་ནད་ཐེབས་པ་ལྟར། ། བྱིང་རྨུག་འཕྲོ་རྒོད་གནས་ལུགས་དོན་ལ་སྒྲིབ། །གསུམ་པ་རླུང་མེད་མར་མེའི་དཔེས་མཚོན་ནས། ། སྣང་སེམས་གཡོ་འགུལ་མེད་པར་ཉམས་སུ་བླང༌། ། མ་བཅོས་མཉམ་པ་ཆེན་པོ་མྱོང་བ་ཡིན། ། དེ་ལྟར་མ་ཤེས་བུ་ཆུང་ངན་པ་ལྟར། ། ཐུན་མཚམས་བསྒོམས་པས་དགོས་དུས་མི་བསྟོངས་ཉིད། ། བཞི་པ་ནམ་མཁའ་ཀློང་ཡངས་དཔེས་མཚོན་པ། ། གསལ་ཁྱབ་མཐའ་སྟོང་ཕྱག་གདལ་ཉམས་སུ་བླང༌། ། རེ་དོགས་འཛིན་གྲོལ་དགོངས་པ་ཉམས་སུ་མྱོང༌། ། དེ་ལྟར་མ་ཤེས་བྱ་ཕྲན་གཤོག་ཆག་གིས། ། མཁའ་ལ་འཕུར་བཞིན་བརྩོན་འགྲུས་གཡང་སར་ལྷུང༌། ། ལྔ་པ་རྒྱ་མཚོ་རྦ་རླབས་དཔེས་མཚོན་ནས། ། རང་བྱུང་ཀློང་ཐིམ་ངང་དུ་ཉམས་སུ་བླང༌། ། སྐྱེ་འགག་གནས་གསུམ་ཆོས་ཉིད་ཀློང་འདྲེས་མྱོང༌། ། དེ་ལྟར་མ་ཤེས་གཞི་ལ་གཉིས་བཟུང་ན། ། དགག་སྒྲུབ་གཟུང་འཛིན་ཡུལ་དང་འབྲལ་མི་ནུས། ། དྲུག་པ་ཆུ་ཕྲན་རྒྱ་མཚོ་དཔེས་མཚོན་ནས། ། རྟོག་ཚོགས་སེམས་ཉིད་ངང་འདུས་ཉམས་སུ་བླང༌། ། དུ་མ་རོ་གཅིག་ཐིག་ལེ་ཉག་གཅིག་མྱོང༌། ། དེ་ལྟར་མ་ཤེས་ཡུངས་ཀར་བང་འཐོར་ལྟར། ། རྟོག་པའི་རྣམ་གྲངས་སྙིང་པོས་འདུལ་མི་ནུས། ། དེ་འདྲའི་མན་ངག་གནད་དུ་བསྣུན་ཤེས་ན། ། ཆུ་བོ་རྒྱུན་ཀྱི་རྣལ་འབྱོར་ཆེན་པོ་ཡིན། ། དེ་ལྟར་མ་ཤེས་ཆུ་ཕྲན་སྐམས་པ་ལྟར། ། ལྟ་སྒོམ་སྤྱོད་པས་རྐྱེན་མི་ཐུབ་པ་ཡིན། ། ཞེས་གསུངས།
Domain ཆོས་ལུགས།