52793

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མཐར་ཐུག་ཐེག་པ་གསུམ་དུ་སྒྲུབ་པའི་ལུགས་ (1)
Part of speech མིང་ཚིག
Definition མདོ། ཕར་ཕྱིན། ལུང་གི་རྗེས་འབྲང་གི་སེམས་ཙམ་པའི་འདོད་སྟེ། མཐར་ཐུག་ཐེག་པ་གསུམ་དུ་གྲུབ་པ་ལ་ལུང་གི་ཤེས་བྱེད་ཡོད་དེ། ཞི་བ་བགྲོད་པ་གཅིག་བུ་པའི་ཉན་ཐོས་སངས་མི་རྒྱ་ཞིང༌། བྱང་ཆུབ་ཡོངས་སུ་འགྱུར་བ་པོའི་ཉན་ཐོས་སངས་རྒྱས་པའི་ཁྱད་པར་མདོ་སྡེ་དགོངས་འགྲེལ་ལས་གསུངས་པའི་ཕྱིར། དེ་ལ་རིགས་པའི་སྒྲུབ་བྱེད་ཀྱང་ཡོད་དེ། ལྷག་མེད་མྱང་འདས་མངོན་དུ་བྱེད་པར་ངེས་པའི་ཉན་ཐོས་རྣམས་སངས་མི་རྒྱ་བའི་ཕྱིར་ཏེ། དེ་རྣམས་ལྷག་མེད་མྱང་འདས་མངོན་དུ་བྱེད་ངེས་གང་ཞིག ལྷག་མེད་མྱང་འདས་ཀྱི་གནས་སྐབས་སུ་རིག་པ་རྒྱུན་ཆད་པའི་ཕྱིར། གཞན་ཡང། མཐར་ཐུག་ཐེག་པ་གསུམ་དུ་གྲུབ་སྟེ། གདུལ་བྱ་རིགས་ཅན་གསུམ་གྱི་དོན་དམ་པར་རིགས་སོ་སོར་ངེས་པའི་ཕྱིར་རོ། །མཐར་ཐུག་ཐེག་པ་གསུམ་དུ་གྲུབ་ན། མཐར་ཐུག་ཐེག་པ་གཅིག་ཏུ་གྲུབ་པར་སྟོན་པའི་མདོ་གསུངས་པ་དང་འགལ་ལོ་ཞེ་ན། མི་འགལ་ཏེ། དེ་དྲང་དོན་དགོངས་པ་ཅན་གྱི་མདོ་ཡིན་པའི་ཕྱིར། དེའི་དགོངས་གཞི་ཡོད་དེ། ཐེག་པ་གསུམ་གྱི་སྒྲུབ་པའི་ཆོས་ཉིད་ལ་ངོ་བོ་མི་འདྲ་བའི་དབྱེ་བ་མེད་པ་སོགས་དགོངས་གཞི་རྣམ་པ་བདུན་ལ་དགོངས་ནས་གསུངས་པའི་ཕྱིར། དགོས་པ་ཡོད་དེ། ཉན་ཐོས་སུ་རིགས་མ་ངེས་པའི་ཉན་ཐོས་ཁ་ཅིག ཐེག་ཆེན་ལམ་དུ་ཁ་དྲངས་བ་དང༌། ཐེག་ཆེན་དུ་རིགས་མ་ངེས་པའི་བྱང་སེམས་ཁ་ཅིག ཐེག་ཆེན་ལས་མི་ཉམས་པར་རྗེས་སུ་བཟུང་བར་བྱ་བའི་ཆེད་ཡིན་པའི་ཕྱིར། མདོ་སྡེ་རྒྱན་ལས། ཁ་ཅིག་དག་ནི་དྲངས་ཕྱིར་དང༌། །ཞེས་སོགས་གསུངས་པའི་ཕྱིར། དངོས་ལ་གནོད་བྱེད་ཀྱི་རིགས་པ་ནི། །མཐར་ཐུག་ཐེག་པ་གསུམ་དུ་སྒྲུབ་པའི་ལུང་རིགས་ཀྱིས་གནོད་དོ། །
Domain ཆོས་ལུགས།