From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
མཐུན་ཕྱོགས་ལ་རྣམ་གཉིས་སུ་འཇུག་པའི་རྟགས་ཡང་དག་ (1)
| Part of speech
|
མིང་ཚིག
|
| Definition
|
རྟགས་ཡང་དག་གང་ཞིག རང་གང་ལ་རྟགས་སུ་སོང་བའི་རྒོལ་བས་མཐུན་ཕྱོགས་མཐའ་དག་ལ་འགོད་བསྒྲུབ་ཀྱི་ཚུལ་དང་མཐུན་པ་མ་ངེས་པའོ། །དབྱེ་ན། འབྲས་རང་མ་དམིགས་པའི་གཏན་ཚིགས་གསུམ་ལས། དང་པོ་ནི། དུ་ལྡན་གྱི་ལ་ལ་ཆོས་ཅན། མེ་ཡོད་དེ། དུ་བ་ཡོད་པའི་ཕྱིར་ཞེས་པ་ལྟ་བུའོ། །གཉིས་པ་ནི། དུང་སྒྲ་ཆོས་ཅན། མི་རྟག་སྟེ། རྩོལ་བ་ལས་བྱུང་བའི་ཕྱིར་ཞེས་པ་ལྟ་བུའོ། །གསུམ་པ་ནི། མེ་མེད་མཚན་དུས་ཀྱི་རྒྱ་མཚོ་ན་ཆོས་ཅན། དུ་བ་མེད་དེ། མེ་མེད་པའི་ཕྱིར་ཞེས་པ་ལྟ་བུའོ། །ཞེས་ཀུན་མཁྱེན་གོ་རམས་པའི་རིགས་གཏེར་གསལ་བྱེད་ལས་སོ། །
|
| Domain
|
ཚད་མ།
|
མཐུན་ཕྱོགས་ལ་རྣམ་གཉིས་སུ་འཇུག་པའི་རྟགས་ཡང་དག་ (2)
| Part of speech
|
མིང་ཚིག
|
| Definition
|
རྟགས་ཡང་དག་ལ་འཇུག་ཚུལ་གྱི་སྒོ་ནས་གཉིས་དབྱེ་བའི་ཡ་གྱལ་ཞིག་སྟེ། རྗེ་ཙོང་ཁ་པའི་སྡེ་བདུན་ལ་འཇུག་པའི་སྒོ་དོན་གཉེར་ཡིད་ཀྱི་མུན་སེལ་ལས། (ཚུལ་གསུམ་ཚང་བའི་རྟགས་ཡང་དག་)གང་ཞིག ། སྒྲུབ་ཚུལ་ལྟར་མཐུན་ཕྱོགས་འགའ་ཞིག་ལ་མེད་པ། (དུང་སྒྲ་མི་རྟག་པར་སྒྲུབ་པ་ལ་)རྩོལ་བྱུང་བཀོད་པ་ལྟ་བུའོ། །ཞེས་གསུངས། 3.དེ་སྒྲུབ་ཀྱི་མཐུན་ཕྱོགས་སམ་བསྒྲུབ་བྱའི་ཆོས་དེ་ཡིན་ན་རྟགས་དེ་ཡིན་པས་མ་ཁྱབ། མ་ཡིན་པས་ཀྱང་མ་ཁྱབ་པའི་རྟགས་ཡང་དག་ཞིག་ལ་ཟེར་བ་ཡིན་ཏེ། དེ་ཡང་དགའ་བྱང་བླ་རབས་བཅོ་བརྒྱད་པ་མཁས་མཆོག་བློ་བཟང་བསྟན་པའི་རྟགས་རིགས་མཐའ་དཔྱོད་ལས། ལྔ་བ་རྟགས་ཡང་དག་ལ། མཐུན་ཕྱོགས་ལ་འཇུག་ཚུལ་གྱི་སྒོ་ནས་དབྱེ་ན། མཐུན་ཕྱོགས་ལ་ཁྱབ་བྱེད་དུ་འཇུག་པའི་རྟགས་ཡང་དག་དང་། མཐུན་ཕྱོགས་ལ་རྣམ་གཉིས་སུ་འཇུག་པའི་རྟགས་ཡང་དག་གཉིས་ལས། ཞེས་དང། བྱས་པའི་བྱེ་བྲག་དེ། སྒྲ་མི་རྟག་པར་སྒྲུབ་པའི་གཉིས་པའི་མཚན་གཞི་དང་། ཞེས་གསུངས་པའི་ཕྱིར་དང། དགའ་བྱང་ཡིག་ཆ་ཡོངས་འཛིན་རྟགས་རིགས་ལས། ཡང་སྒྲ་མི་རྟག་པར་སྒྲུབ་པའི་རང་བཞིན་གྱི་རྟགས་ཡང་དག་ལ་དབྱེ་ན། དེ་སྒྲུབ་ཀྱི་མཐུན་ཕྱོགས་ལ་ཁྱབ་བྱེད་དུ་འཇུག་པའི་དེ་སྒྲུབ་ཀྱི་རང་བཞིན་གྱི་རྟགས་ཡང་དག་དང། དེ་སྒྲུབ་ཀྱི་མཐུན་ཕྱོགས་ལ་རྣམ་གཉིས་སུ་འཇུག་པའི་དེ་སྒྲུབ་ཀྱི་རང་བཞིན་གྱི་རྟགས་ཡང་དག་གཉིས། མཚན་གཞི་རིམ་པ་ལྟར། བྱས་པ་དེ་དང་པོ་དང། བྱས་པའི་བྱེ་བྲག་གཉིས་པ་ཡིན། དེ་གཉིས་སྒྲུབ་པ་ནི། བྱས་པ་དེ་དང་པོ་ཡིན་ཏེ། དེ་དེ་སྒྲུབ་ཀྱི་རང་བཞིན་གྱི་རྟགས་ཡང་དག་གང་ཞིག མི་རྟག་པ་ཡིན་ན་དེ་ཡིན་པས་ཁྱབ་པའི་ཕྱིར། བྱས་པའི་བྱེ་བྲག་གཉིས་པ་ཡིན་ཏེ། དེ་དེ་སྒྲུབ་ཀྱི་རང་བཞིན་གྱི་རྟགས་ཡང་དག་གང་ཞིག མི་རྟག་པ་ཡིན་ན་དེ་ཡིན་པས་མ་ཁྱབ་པའི་ཕྱིར། ཞེས་གསུངས་པའི་ཕྱིར།
|