52995
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | སྔགས། ཨ་ནུ་ཡོ་ག རྙིང་མ། མཐུན་འཇུག་སྤྱོད་པའི་ལུང་ཡང་བརྗོད། མདོ་དགོངས་པ་འདུས་པར་གདུལ་བྱ་གཞན་གྱི་དོན་དུ་སྤྱོད་པའི་ཐབས་ཀུན་བསྡུས་ནས་གཞན་དོན་ཐབས་ཀྱི་སྤྱོད་པ་གསུམ་དུ་བསྟན་པའི་ཡ་གྱལ་ཞིག་སྟེ། དེ་ནི་གདུལ་བྱ་གསུམ་ལས་ཉོན་མོངས་ཅན་གྱི་གདུལ་བྱའི་གཉེན་པོ་ཡིན། དེའི་དོན་གཟི་ལྡན་འཆར་ཁའི་འོད་སྣང་ལས། གདུལ་བྱ་གང་ཡང་རུང་བ་ཉིད་ཀྱི་སྤྱོད་པ་དེ་ཉིད་དང་མཐུན་པ་དེ་ལྟར་བདག་གི་སྤྱོད་པའང་དེ་ཇི་ལྟ་བ་བཞིན་དུ་མཐུན་འཇུག་ཏུ་སྤྱོད་པས་དྲང་ཐབས་ཏེ། གང་གདུལ་བྱ་འཇིག་རྟེན་པའི་སྤྱོད་པ་དང་ཚུལ་འདྲ་བར་ཆ་མཐུན་དང་སྤྱོད་པ་གང་ཡིན་པ་ལ་དེ་སྐད་ཅེས་བྱའོ། །ཞེས་དང་། དེ་བས་ན་གདུལ་བྱ་ཇི་ལྟར་སྤྱོད་པ་དང་གང་ལྟར་སྤྱོད་པ་དེ་བཞིན་དུ་སྤྱད་ཅིང་དོན་མཛད་པའོ། །དུག་གསུམ་འདུལ་བ་དེ་དག་དང་ལ་སོགས་པ་ཞེས་དངོས་པོ་གཞན་བསྡུ་བའི་སྒྲས་འགྲོ་བའི་ཉོན་མོངས་པའི་སྤྱོད་པ་མཐའ་ཡས་པར་སྣང་བ་རྡུལ་སྙེད་པའི་གནས་ཐམས་ཅད་རིལ་དུ་འདས་པ་དང་མ་འདས་པའི་སྤྱོད་པ་ནང་རིས་མི་མཐུན་པ་ཇི་སྙེད་པ་ཐམས་ཅད་གང་གིས་འདུལ་བའི་དུས་ལ་བབ་པ་དེ་དང་དེར་སོ་སོའི་སྣང་བ་དང་མཐུན་པར་འཇུག་པའི་ཚུལ་གྱིས་བྱིན་རླབས་སྣང་བའི་སྤྱོད་པས་དོན་བྱེད་ཅིང་གདུལ་བར་མཛད་པ་ཡིན་ནོ། །ཞེས་གསུངས་པ་ལྟར་གདུལ་བྱའི་གང་ཟག་རྒྱུད་དུག་གསུམ་སོགས་ཉོན་མོངས་གང་ཤས་ཆེ་བ་དེ་དང་མཐུན་པར་ལྷ་ཡབ་ཡུམ་དང་ཁྲོ་བོ་སོགས་སྟོན་པའི་སྒོ་ནས་དེ་དང་མཐུན་འཇུག་གི་སྤྱོད་པས་འདུལ་ཞིང་དོན་མཛད་པའི་སྤྱོད་པའོ། ། |
| Domain | ཆོས་ལུགས། |