From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
མཐོང་ལམ་ (1)
| Part of speech
|
མིང་ཚིག
|
| Definition
|
མདོ། ལམ་ལྔའི་ནང་གསེས་ཤིག་སྟེ། རང་གི་དམིགས་ཡུལ་བདེན་པའི་དེ་ཁོ་ན་ཉིད་སྔར་མངོན་སུམ་དུ་མ་མཐོང་བ་གསར་དུ་མངོན་སུམ་དུ་མཐོང་བའི་ལམ་མོ། །མཚན་ཉིད། སེར་སྨད་རྒྱལ་དབང་མཛོད་ལས། མཐོང་ལམ་གྱི་མཚན་ཉིད་ནི། ཚིག་སྐྱོན་བཅད་ན། རང་གི་དམིགས་ཡུལ་དུ་གྱུར་པའི་བདེན་པའི་དེ་ཁོ་ན་ཉིད་སྔར་མ་མཐོང་བ་མངོན་སུམ་དུ་མཐོང་བའི་རིགས་སུ་གནས་པ་ཞེས་བྱའོ། །གཞན་ཡང་རྟེན་གྱི་གང་ཟག་གི་སྒོ་ནས་དབྱེ་ན་ཉན་རང་བྱང་སེམས་གསུམ་དང༌། ཡུལ་གྱི་སྒོ་ནས་སྡུག་བསྔལ་མཐོང་བ་སོགས་བཞི་དང༌། ངོ་བོའི་སྒོ་ནས་བཟོད་ཤེས་གཉིས་དང༌། རྣམ་པའི་སྒོ་ནས་སྡུག་བསྔལ་ཆོས་བཟོད་སོགས་བཅོ་ལྔ་དང༌། ཁམས་ཀྱི་གཉེན་པོའི་སྒོ་ནས་ཆོས་ཤེས་དང་རྗེས་ཤེས་གཉིས་རྣམས་སོ། །
|
| Domain
|
ཆོས་ལུགས།
|
མཐོང་ལམ་ (2)
| Part of speech
|
མིང་ཚིག
|
| Definition
|
མཚན་ཉིད་ནི། དང་པོ་ཆོས་ཀྱི་དབྱིངས་ཀྱི་འཇུག་ངོགས་ལ་གསལ་སྣང་དང་པོར་སྐྱེས་པའོ། །དབྱེ་ན། ཉན་ཐོས་དང། རང་སངས་རྒྱས་དང། བྱང་ཆུབ་སེམས་དཔའི་མཐོང་ལམ་སྟེ་གསུམ་མོ། །གང་ཟག་གང་ལ་སྐྱེ་ན། གླིང་གསུམ་གྱི་སྐྱེས་པ་བུད་མེད་དང་འདོད་པ་ཁམས་ཀྱི་ལྷ་ལ་སྐྱེ་སྟེ། དབང་པོ་རྣོ་ཞིང་སངས་རྒྱས་ཀྱི་ལུང་ཡོད་ལ་སྐྱོ་ཤས་ཆེ་བས་སོ། །ངན་སོང་ལ་མི་སྐྱེ་སྟེ་རྣམ་པར་སྨིན་པའི་ལས་ཀྱི་སྒྲིབ་པ་ཆེན་པོས་བསྒྲིབས་པས་སོ། །གཟུགས་དང་གཟུགས་མེད་པའི་ལྷ་དང་བྱང་སྒྲ་མི་སྙན་པ་ལ་ཡང་མི་སྐྱེ། ཐེག་པ་ཆེན་པོ་ཐུན་མོང་མ་ཡིན་པ་ནས་འགྲོ་བ་གཞན་ལ་སྐྱེ་བར་བཤད་དོ། །ཡུལ་གང་ལ་ཚུལ་ཇི་ལྟར་རྟོགས་པ་ནི། ཐེག་པ་ཐུན་མོང་བ་ནི་ཉན་ཐོས་ཡུལ་བདེན་པ་བཞི་ལ་གང་ཟག་གི་བདག་མེད་རྟོགས་ཏེ། དེའང་རྣམ་པར་གཞག་པའི་བདེན་པ་ལ་དམིགས་པ་མ་ཡིན་གྱི་རྣམ་པར་མ་གཞག་པའི་བདེན་པ་ཞེས་བྱ་བ་རང་གི་མཚན་ཉིད་ལ་དམིགས་པའོ། །རང་སངས་རྒྱས་ཀྱིས་གང་ཟག་གི་བདག་དང་ཆོས་ཀྱི་བདག་གི་གཟུང་བ་རང་བཞིན་མེད་པར་རྟོགས། བྱང་ཆུབ་སེམས་དཔས་བདག་མེད་གཉིས་ཀ་རྟོགས་སོ། །སྤང་བྱ་ལས་མཐོང་སྤང་མཚན་ཉིད་ཀུན་ཏུ་བརྟགས་པས་རབ་ཏུ་མ་ཞི་བར་བྱེད་པ། སྤང་བྱའི་དབྱེ་བ་རྩ་བ་དང་ཉེ་བའི་ཉོན་མོངས་པ། སྤང་ཚུལ་ནི། ཉན་ཐོས་དག་མཛོད་ལས། འགག་པར་འགྱུུར་བའི་ལམ་གྱིས་ནི། །དེ་ཡི་སྒྲིབ་པ་རབ་ཏུ་སྤང་། །ཞེས་འགག་འགྱུར་གྱི་ལམ་གྱིས་སྤོང་བར་འདོད་ལ། ཐེག་པ་ཐུན་མོང་བ་དེ་ཉིད་འདོན་པ་བསྒྱུར་ནས། སྐྱེ་བར་འགྱུར་བའི་ལམ་གྱིས་ནི། ཞེས་གཉེན་པོ་སྐྱེ་འགྱུར་གྱི་ལམ་གྱིས་སྤོང་བར་འདོད་དོ། །ཐེག་པ་ཆེན་པོ་ཐུན་མོང་མ་ཡིན་པ་ནི་དོན་དམ་པར་ན་སྤང་བྱ་དང་གཉེན་པོ་མ་གྲུབ་པས་སྐྱེ་འགག་གཉིས་ཀ་མི་འཐད། ཀུན་རྫོབ་ཏུ་ཡང་བརྟགས་ན་གཉེན་པོས་སྤང་བྱ་སྤོང་བར་མི་འཐད་དེ་སྤང་བྱ་ཡོད་ན་གཉེན་པོ་མེད་ལ། གཉེན་པོ་སྐྱེས་པ་ན་སྤང་བྱ་འགག་པས་དུས་མི་མཉམ་པ་ལ་ཕྲད་པ་མེད་པའི་ཕྱིར། མ་བརྟགས་པའི་བློ་ངོར་ཡེ་ཤེས་སྐྱེས་པ་ཉིད་ལ་སྤང་བྱ་སྤངས་པ་ཞེས་ཐ་སྙད་དུ་འདོགས་ཏེ་སྲང་མདའི་མཐོ་དམའ་བཞིན་ནོ། །སྐད་ཅིག་དུ་ལ་སྐྱེ་ན། ཐེག་པ་ཐུན་མོང་བས་སྐད་ཅིག་བཅུ་དྲུག་བཤད་ལ། ཐེག་པ་ཐུན་མོང་མ་ཡིན་པ་ནི་སྐད་ཅིག་མ་གཅིག་ཡིན་པར་བཤད་དོ། །ཞེས་ས་པཎ་གྱིས་ཐུབ་པ་དགོངས་གསལ་ལས་གསུངས་སོ། །
|