53182

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མཐོང་ལམ་པ་ཕྱིར་མི་ལྡོག་པའི་རྟགས་ (1)
Part of speech མིང་ཚིག
Definition མདོ། ཕར་ཕྱིན། སྟོང་ཉིད་ལ་སྒོམ་བྱུང་གཙོ་བོར་གྱུར་པའི་སྟོབས་ཀྱིས་ཐོབ་པའི་ཡོན་ཏན་གང་ཞིག། རང་གང་ལ་ལྡན་པའི་མཐོང་ལམ་ལ་གནས་པའི་བྱང་སེམས་གནས་སྐབས་རྫོགས་བྱང་ལས་ཕྱིར་མི་ལྡོག་པར་སྒྲུབ་ནུས་པ་དེ། མཐོང་ལམ་ལ་གནས་པའི་བྱང་སེམས་ཕྱིར་མི་ལྡོག་པའི་གཏན་ཚིགས་ཀྱི་མཚན་ཉིད། དབྱེ་ན། ཤེས་བཟོད་སྐད་ཅིག་མ་བཅུ་དྲུག་གི་མིང་ཅན་གྱི་གཏན་ཚིགས་བཅུ་དྲུག་གོ །ཞེས་ཀུན་མཁྱེན་གོ་རམས་པའི་སྦས་དོན་རབ་གསལ་ལས་སོ། །གཏན་ཚིགས་འགོད་ན། མཐོང་ལམ་གྱི་རྗེས་ཐོབ་ལ་གནས་པའི་བྱང་སེམས་ཆོས་ཅན། གནས་སྐབས་བླ་མེད་རྫོགས་བྱང་ལས་ཕྱིར་མི་ལྡོག་སྟེ། གཟུགས་སོགས་ལ་མངོན་པར་ཞེན་པའི་འདུ་ཤེས་ལྡོག་པའི་རྗེས་ཐོབ་ལུས་ངག་གི་སྤྱོད་པ་ཁྱད་པར་ཅན་དང་ལྡན་པའི་སེམས་དཔའ་ཡིན་པའི་ཕྱིར། ཞེས་པ་དང། བདུད་ལས་ཀྱིས་མི་ཕྱེད་པའི་བླ་མེད་བྱང་ཆུབ་ཀྱི་སེམས་བརྟན་པར་གནས་པའི་ལུས་ངག་གི་སྤྱོད་པ་ཁྱད་པར་ཅན་དང་ལྡན་པའི་སེམས་དཔའ་ཡིན་པའི་ཕྱིར། ཞེས་སོགས་འགོད་པ་ཡིན་ནོ། །འོ་ན་མདོར་བསྟན་དུ་ཤེས་བཟོད་སྐད་ཅིག་མ་བཅུ་དྲུག་རྟགས་སུ་བཤད་པ་དང། འདིར་རྗེས་ཐོབ་ལུས་ངག་གི་སྤྱོོད་པ་ཁྱད་པར་ཅན་དང་ལྡན་པ་རྟགས་སུ་བཤད་པ་འགལ་ལོ་སྙམ་ན། སྐྱོན་མེད་དེ། གཟུགས་སོགས་མཚན་འཛིན་གྱི་འདུ་ཤེས་ལྡོག་པ་སོགས་ཀྱི་རྗེས་ཐོབ་ལུས་ངག་གི་སྤྱོད་པ་བཅུ་དྲུག་པོ་འདྲེན་པའི་ནུས་པ་ཤེས་བཟོད་སྐད་ཅིག་མ་བཅུ་དྲུག་རིམ་བཞིན་ཐོབ་པས་ན། མཐོང་བའི་ལམ་ལ་བཟོད་པ་དང། །ཞེས་སོགས་གསུང་བ་ཡིན་ལ། ཕྱིར་མི་ལྡོག་པའི་རྟགས་དངོས་ནི། ཤེས་བཟོད་སྐད་ཅིག་མ་བཅུ་དྲུག་གི་འབྲས་བུ་རྗེས་ཐོབ་ལུས་ངག་གི་སྤྱོད་པ་བཅུ་དྲུག་པོ་ལ་ངོས་འཛིན་པར་ཀུན་མཁྱེན་བླ་མས་བཞེད་པ་ནི་དཔྱོད་ལྡན་ཀུན་གྱི་སྙིང་གི་ག་འུར་འཆང་རིགས་སོ། །ཞེས་མཁན་ཆེན་ངག་ཆོས་ཀྱི་ཀུན་མཁྱེན་བླ་མའི་དགོངས་དོན་རབ་གསལ་ལས་སོ། །
Domain ཆོས་ལུགས།