From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
མཐོང་ལམ་རྩེ་སྦྱོར་ (1)
| Part of speech
|
མིང་ཚིག
|
| Definition
|
མདོ། ཕར་ཕྱིན། རང་རྒྱུད་པ། བསྟན་བཅོས་མངོན་རྟོགས་རྒྱན་གྱི་སྐབས་ལྔ་བའི་བསྟན་བྱའི་གཙོ་བོར་གྱུར་པའི་རྩེ་སྦྱོར་མཚོན་བྱེད་ཀྱི་ཆོས་དྲུག་པ་སྟེ། མཚན་ཉིད་ནི། པཎ་ཆེན་དོན་བདུན་ཅུ་ལས། མཐོང་སྤང་རྟོག་པའི་གཉེན་པོའི་རིགས་སུ་གནས་པའི་ཐེག་ཆེན་གྱི་བདེན་པ་མངོན་རྟོགས། ས་མཚམས་ཐེག་ཆེན་གྱི་མཐོང་ལམ་ཁོ་ནར་ཡོད། ཅེས་གསུངས།
|
| Domain
|
ཆོས་ལུགས།
|
མཐོང་ལམ་རྩེ་སྦྱོར་ (2)
| Part of speech
|
མིང་ཚིག
|
| Definition
|
ཕར་ཕྱིན། མཁྱེན་གསུམ་བསྡུས་སྒོམ་རབ་ཏུ་གྱུར་པའི་སེམས་དཔའི་རྣལ་འབྱོར་གང་ཞིག མཐོང་སྤང་གི་ས་བོན་ལ་དངོས་སུ་གནོད་བྱེད་ཀྱི་མཁྱེན་པ་དེ། མཐོང་ལམ་རྩེ་སྦྱོར་གྱི་མཚན་ཉིད། དེ་ལ་དངོས་བཏགས་མ་ཕྱེ་བའི་སྒོ་ནས་དབྱེ་ན། སྦྱོར་བ་ཉེར་བསྡོགས་དང་། འཇུག་པ་བར་ཆད་མེད་ལམ་གཉིས། དང་པོ་ལ་མཚན་ཉིད་ནི། མཁྱེན་གསུམ་བསྡུས་བསྒོམ་རབ་ཏུ་གྱུར་པའི་སེམས་དཔའི་རྣལ་འབྱོར་གང་ཞིག རང་གི་ངོ་སྐལ་དུ་གྱུར་པའི་མཐོང་སྤང་གི་ས་བོན་ལ་ཆ་ཤས་སུ་ཕྱེ་ནས་གནོད་པ་བྱེད་ཅིང་དྲུང་འབྱིན་མི་ནུས་པ། དེ་ནི་བྱང་སེམས་ཀྱི་སྦྱོར་ལམ་ཆོས་མཆོག་གི་ཡེ་ཤེས་ལྟ་བུའོ། །མཁྱེན་གསུམ་བསྡུས་བསྒོམ་རབ་ཏུ་གྱུར་པའི་སེམས་དཔའི་རྣལ་འབྱོར་གང་ཞིག དེར་གྱུར་པའི་དེའི་ས་བོན་རྣམས་བསྡོམས་ནས་དྲུང་འབྱིན་ནུས་པ་དེ། འཇུག་པ་བར་ཆད་མེད་ལམ་གྱི་མཚན་ཉིད། དེ་ནི་བྱང་སེམས་ཀྱི་མཐོང་ལམ་སྡུག་བསྔལ་ལ་ཆོས་བཟོད་ལྟ་བུའོ། །ཞེས་པཎ་ཆེན་ཤཱཀ་མཆོག་གི་རྒྱན་འགྲེལ་ལུང་དོན་རྒྱ་མཚོ་ལས་སོ། ། གོང་དུ་(སྐབས་སྔ་མ་དག་ཏུ་)མཐོང་ལམ་ཐམས་ཅད་སྐད་ཅིག་མ་བཅུ་དྲུག་གི་སྒོ་ནས་བཤད་པ་ཡིན་ན། སྐད་ཅིག་མ་བཅུ་དྲུག་པོ་ཐམས་ཅད་མཐོང་ལམ་རྩེ་སྦྱོར་ཡིན་ནམ་ཞེ་ན། གོང་དུ་(སྐབས་སྔ་མ་དག་ཏུ་)རྗེས་ཐོབ་ཏུ་ངེས་ཤེས་འདྲེན་པའི་མཉམ་གཞག་ཙམ་གྱི་ལྡོག་པ་ནས་བསྟན་པ་ཡིན་ལ། འདིར་མཐོང་ལམ་རྩེ་སྦྱོར་ནི། མཐོང་སྤང་མ་ལུས་པ་ཅིག་ཅར་དུ་སྤོང་བའི་བར་ཆད་མེད་ལམ་ཡིན་པས་སྔར་བཤད་པའི་ཤེས་བཟོད་སྐད་ཅིག་མ་བཅུ་དྲུག་གི་ནང་ནས་བྱང་སེམས་ཀྱི་མཐོང་ལམ་སྡུག་བསྔལ་ཆོས་བཟོད་དེ་ཉིད་ཁོ་ན་མཐོང་ལམ་རྩེ་སྦྱོར་ཡིན་ནོ། །ཞེས་ཀུན་མཁྱེན་གོ་རམས་པའི་སྦས་དོན་ཟབ་མོ་ལས་སོ། ། སྡུག་བསྔལ་ཆོས་བཟོད་དེ་ལ་མཐོང་སྤང་གཟུང་འཛིན་གྱི་རྣམ་རྟོག་བཞི་སྤོང་བའི་ལྡོག་ཆ་ནས་མཐོང་ལམ་རྩེ་སྦྱོར་བཞི་དང། མཐོང་སྤངས་གཉེན་པོའི་ཚོགས་སྒྲུབ་བཞིར་འཇོག་ཅིང། དེར་མ་ཟད་མཐོང་སྤང་བཞི་ལ་དགུ་དགུར་ཕྱེ་བའི་དགུ་བཞི་སུམ་ཅུ་རྩ་དྲུག་སྤོང་བའི་ལྡོག་པ་ནས། གཉེན་པོ་མཐོང་ལམ་རྩེ་སྦྱོར་སུམ་ཅུ་རྩ་དྲུག་ཏུ་ཡང་འཇོག་པ་ཡིན་ནོ། །འདིར་བསྟན་མཐོང་ལམ་སུམ་ཅུ་རྩ་དྲུག་གི་ནང་ཚན་དུ་གྱུར་པའི་མཐོང་ལམ་དང་པོ་ནས་སུམ་ཅུ་རྩ་དྲུག་གི་བར་དོན་གཅིག་སྟེ། ཐེག་ཆེན་གྱི་མཐོང་ལམ་སྡུག་བསྔལ་ཆོས་བཟོད་གཅིག་ཉིད་ལ་དེ་དག་ཏུ་འཇོག་པའི་ཕྱིར་རོ། །ཞེས་མཁན་ཆེན་ངག་ཆོས་ཀྱི་ཀུན་མཁྱེན་བླ་མའི་དགོངས་དོན་རབ་གསལ་ལས་སོ། །
|