53205

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མཐོང་སྤང་བཏགས་འཛིན་རྟོག་པ་དགུ་ (1)
Part of speech མིང་ཚིག
Definition མདོ། ཕར་ཕྱིན། རང་རྒྱུད་པ། གདུལ་བྱའི་བསམ་པ་ལ་བལྟོས་ནས་མཐོང་སྤང་བཏགས་འཛིན་རྟོག་པ་གྲངས་སོ་སོར་ཕྱེ་བ་ལ་ཟེར། པཎ་ཆེན་ཕར་ཕྱིན་རྩ་ཊཱིཀ་ལས། དགུ་པོ་གང་ཞེ་ན། འདི་ལ་གསུམ་སྟེ། འབྲས་བུ་འདོད་པ་བཞིན་མི་ཐོབ་པ། ཕྱིན་ཅི་ལོག་ཏུ་ཞེན་པ། ཡང་དག་པའི་ལམ་དང་འགལ་བའོ། །དང་པོ་ནི། ༡ ཉན་ཐོས་ལ་སོགས་པའི་བྱང་ཆུབ་ཙམ་དུ་ངེས་པར་འབྱུང་བ་ཉིད་ཀྱིས་ཆེད་དུ་བྱ་བ་ཆེན་པོ་གསུམ་དུ་ཇི་ལྟ་བ་བཞིན་དུ་ངེས་པར་མི་འབྱུང་བའི་སྐྱེས་བུ་བཏགས་པར་འཛིན་པ་ལ་དམིགས་ནས་ལོངས་སྤྱོད་པ་པོར་བདེན་པར་ཞེན་པའི་བདེན་འཛིན་ཀུན་བཏགས་སོ། །གཉིས་པ་ནི། ལམ་ཕྱིན་ཅི་ལོག་ཏུ་ཞེན་པ། ཤེས་བྱ་ལ་ཕྱིན་ཅི་ལོག་ཏུ་ཞེན་པའོ། །དང་པོ་ནི། ༢ ཉན་ཐོས་རང་གི་མངོན་པར་འདོད་པའི་ལམ་མེད་པས་ལམ་གཞན་ཕར་ཕྱིན་དྲུག་ལ་ལམ་མ་ཡིན་པར་ངེས་པར་འཛིན་པའི་སྐྱེས་བུར་བཏགས་པར་ཞེས་སོགས་སྔར་བཞིན། གཉིས་པ་ལ། དགག་སྒྲུབ་བདེན་པར་འཛིན་པ། ཆོས་ལྡན་མི་ལྡན་བདེན་པར་འཛིན་པ། གནས་ལུགས་ཀྱི་དོན་བདེན་པར་འཛིན་པའོ། །དང་པོ་ནི། ༣ འབྲས་བུ་སྐྱེ་བ་དང་རྒྱུ་འགག་པ་ཀུན་རྫོབ་ཀྱི་ངོ་བོར་གནས་པ་ལ་དོན་དམ་པར་ཞེན་པའི་སྐྱེས་བུར་བཏགས་ཞེས་སོགས་སྔར་བཞིན། གཉིས་པ་ནི། ༤ བདེན་འཛིན་གྱིས་བར་ཆད་མེད་པ་དང་གཅིག་ཤོས་སུ་བར་ཆད་དང་བཅས་པར་སྣང་བ་ཉིད་ཀྱིས་ལམ་གྱི་དངོས་པོ་མཐའ་དག་ལྡན་པ་དང་མི་ལྡན་པ་བདེན་པར་འཛིན་པ་ལ་སྐྱེས་བུར་བཏགས་པར་འཛིན་པ་ལ་དམིགས་ཞེས་སོགས་སྔར་བཞིན། གསུམ་པ་ནི། ༥ ནམ་མཁའ་ལ་གནས་པའི་བྱ་དང་འདྲ་བ་ཉིད་ཀྱིས་དོན་དམ་པར་མེད་པའི་གཟུགས་ལ་སོགས་པ་ལ་བདེན་པར་ཞེན་པའི་ཚུལ་གྱིས་གནས་པ་ལ་སྐྱེས་བུར་བཏགས་ཞེས་སོགས་སྔར་བཞིན། གསུམ་པ་ཡང་དག་པའི་ལམ་དང་འགལ་བ་ལ། དམན་པའི་རིགས་ཉམས་པ། མཐུན་རྐྱེན་མ་ཚང་བ། འགལ་རྐྱེན་གྱིས་ཟིན་པའོ། །དང་པོ་ནི། ༦ བྱང་ཆུབ་ཀྱི་སེམས་བསྐྱེད་པ་ལ་སོགས་པའི་སྒོ་ནས་ཉན་ཐོས་ལ་སོགས་པའི་རིགས་འཇིག་ཅིང་ཉམས་པ་ལ་སྐྱེས་བུར་བཏགས་པར་འཛིན་པ་ལ་དམིགས་ཞེས་སོགས་སྔར་བཞིན། གཉིས་པ་ལ། འབྲས་བུ་ཁྱད་པར་ཅན་ལ་དོན་གཉེར་མེད་པ། དེའི་རྒྱུ་ཤེར་ཕྱིན་མེད་པའོ། །དང་པོ་ནི། ༧ སྟོང་ཉིད་རྟོགས་པ་ན་དེ་ཙམ་གྱིས་ཆོག་པར་བཟུང་ནས་དེ་བཞིན་ཉིད་ལས་ཁྱད་པར་དུ་འཕགས་པའི་ཆོས་མེད་པས་སངས་རྒྱས་དོན་དུ་གཉེར་བའི་འདོད་པ་མེད་པ་ལ་སྐྱེས་བུར་བཏགས་པར་འཛིན་པ་ལ་དམིགས་ཞེས་སོགས་སྔར་བཞིན། གཉིས་པ་ནི། ༨ དོན་དམ་པའི་བདེན་པ་ལ་བརྟེན་ནས་རྒྱུ་ཤེར་ཕྱིན་སྒོམ་པ་མེད་པ་ལ་སྐྱེས་བུར་བཏགས་པར་འཛིན་པ་ལ་དམིགས་ཞེས་སོགས་སྔར་བཞིན། གསུམ་པ་འགལ་རྐྱེན་གྱིས་ཟིན་པ་ནི། ༩ སེར་སྣ་ཤིན་ཏུ་གོམས་པར་བྱས་པའི་ཆོས་ཉིད་ཀྱི་བདུད་ལ་སོགས་པའི་ཕྱི་རྒོལ་བའི་དངོས་པོ་དམིགས་པ་ལ་སྐྱེས་བུ་བཏགས་པར་འཛིན་པ་ལ་དམིགས་ནས་ལོངས་སྤྱོད་པ་པོར་བདེན་པར་ཞེན་པའི་བདེན་འཛིན་ཀུན་བཏགས་སོ། །ཞེས་གསུངས།
Domain ཆོས་ལུགས།