53209
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མདོ། ཕར་ཕྱིན། རང་རྒྱུད་པ། པཎ་ཆེན་ཕར་ཕྱིན་རྩ་ཊཱིཀ་ལས། རང་གི་དམིགས་ཡུལ་དུ་གྱུར་པའི་ཐེག་ཆེན་གྱི་ལམ་འབྲས་ལ་གཟུང་བར་བྱ་བ་ཉིད་དུ་འཇུག་པར་བྱའོ་ཞེས་བྱ་བ་ལོངས་སྤྱོད་བྱར་བདེན་པར་ཞེན་པའི་གཟུང་བའི་རྣམ་པར་རྟོག་པ་དང་པོ་འཇུག་པའི་ཕྱོགས་ཀྱི་རྟེན་ཅན་རྣམ་པ་དགུ་པོ་ཆོས་ཅན། ཐེག་ཆེན་མཐོང་བའི་ལམ་གྱི་སྦྱོར་བའི་གནས་སྐབས་ཀྱིས་སྤང་བར་བྱ་བར་བཞེད་པ་ཡིན་ཏེ། དེའི་དངོས་ཀྱི་གཞོམ་བྱ་ཡིན་པའི་ཕྱིར། དགུ་པོ་གང་ཞེ་ན། དེ་ལ་བྱང་ཆུབ་སེམས་དཔའི་འཇུག་བྱ་སྤྱི་དང་ཁྱད་པར་གཉིས་ལས། དང་པོ་ནི། ༡ དོན་དམ་པར་རྒྱུ་ཕྱིན་དྲུག་གིས་དབེན་པས་འབྲས་བུ་བླ་མེད་བྱང་ཆུབ་དེས་དབེན་པ་དོན་དམ་པར་མ་རྟོགས་པ་སྟེ་མ་ཐོབ་ཀྱང་ཐ་སྙད་དུ་ཐོབ་པའི་ངོ་བོ་ཉིད་ཐེག་ཆེན་གྱི་ལམ་འབྲས་ཆོས་ཅན། བྱང་སེམས་ལམ་གྱི་འཇུག་བྱ་ཡིན་ཏེ། དེའི་ཉམས་སུ་བླང་བྱ་ཡིན་པའི་ཕྱིར། གཉིས་པ་ལ། ལམ་གྱི་རྒྱུ། ངོ་བོ། འབྲས་བུའོ། །དང་པོ་ནི། ༢ བྱང་ཆུབ་སེམས་དཔའ་ཆོས་ཅན། སངས་རྒྱས་ཀྱི་རིགས་སུ་ངེས་པ་ཡིན་ཏེ། ངེས་པར་ས་མི་གཡོ་བ་ལ་སོགས་པ་ལ་འཇུག་པའི་ཕྱིར། གཉིས་པ་ལ། ལམ་དངོས། ལམ་གྱི་དམིགས་པ། སྤང་བྱ་འཇོམས་པའི་ནུས་པའོ། །དང་པོ་ནི། ༣ དེ་ཆོས་ཅན། མཐོང་བ་ལ་སོགས་པའི་ལམ་ཡང་དག་པར་འགྲུབ་པ་ཡིན་ཏེ། ཆོས་ཐམས་ཅད་བདེན་སྟོང་སྒྱུ་མ་ལྟ་བུར་རྟོགས་པའི་ཕྱིར། གཉིས་པ་ནི། ༤ དེ་ཆོས་ཅན། ཤེས་པའི་དམིགས་པ་མ་འཁྲུལ་བ་ལ་དམིགས་པ་ཡིན་ཏེ། ཆོས་ཐམས་ཅད་སྣང་བརྙན་ཙམ་དུ་ཟད་པར་ཁོང་དུ་ཆུད་པའི་ཕྱིར། གསུམ་པ་ནི། ༥ དེ་ཆོས་ཅན། སྤང་བྱ་སེལ་བའི་ནུས་པ་ཐོབ་སྟེ། ཡོན་ཏན་མཐོང་བ་སྔོན་དུ་འགྲོ་བའི་བླང་བར་བྱ་བ་དང༌། སྐྱོན་མཐོང་བ་སྔོན་དུ་འགྲོ་བའི་དོར་བར་བྱ་བ་ཉིད་ཀྱིས་ཤེས་སྒྲིབ་ཀྱི་གཉེན་པོ་སྐྱེ་བ་དང༌། མི་མཐུན་པའི་ཕྱོགས་ཤེས་སྒྲིབ་འཇོམས་པའི་ནུས་པ་ཐོབ་པའི་ཕྱིར། གསུམ་པ་འབྲས་བུ་ལ། རང་དོན་དང༌། གཞན་དོན་ནོ། །དང་པོ་ནི། ༦ རྣམ་མཁྱེན་ཆོས་ཅན། རང་གི་རྟོགས་པ་མཐར་ཐུག་ཐོབ་སྟེ། དྲི་མ་ཐམས་ཅད་དང་བྲལ་བའི་རྟོགས་པ་ཐོབ་པ་ཉིད་ཀྱིས་སོ། །གཉིས་པ་ལ་གཞན་དོན་གྱི་ནུས་པ། ལས་དང་འབྲས་བུའོ། །དང་པོ་ནི། ༧ དེ་ཆོས་ཅན། ཐེག་པ་ཆེན་པོར་རིགས་ངེས་པ་རྣམས་ལ་ཉན་ཐོས་ལ་སོགས་པའི་ས་ཐག་སྲིང་བར་བྱེད་པ་ཡིན་ཏེ། ཉན་ཐོས་ཀྱི་ལམ་དམན་ཞིང་འབྲས་བུ་གྱ་ནོམ་པ་མ་ཡིན་པ་ཉིད་ཀྱིས་ཐེག་ཆེན་གྱི་ལམ་དང་འབྲས་བུ་ལ་འགོད་པའི་ཕྱིར། གཉིས་པ་ནི། ༨ དེ་ཆོས་ཅན། སེམས་ཅན་གྱི་དོན་གྱི་ལས་དང་ལྡན་ཏེ། གདུལ་བྱའི་བསམ་པ་ཇི་ལྟ་བ་དང་མཐུན་པར་སྤྲུལ་པས་གཞན་དོན་མཛད་པའི་ཕྱིར། གསུམ་པ་ནི། ༩ དེ་ཆོས་ཅན། སྐྱེ་བོ་ཐམས་ཅད་མི་གནས་པའི་མྱང་ངན་ལས་འདས་པ་ལ་འགོད་པར་བྱ་བའི་འབྲས་བུ་ལ་སྐྱོན་མེད་པ་ཉིད་ཀྱིས་འཇུག་པར་བྱེད་པ་ཡིན་ཏེ། གཞན་དོན་བྱེད་པའི་ཡང་དག་པའི་ཐབས་ལ་མཁས་པའི་སྟོབས་ཀྱིས་དེ་ལྟར་མཛད་པའི་ཕྱིར། ཞེས་གསུངས། |
| Domain | ཆོས་ལུགས། |