From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
མཐོང་སྤང་རྫས་འཛིན་རྟོག་པ་ (1)
| Part of speech
|
མིང་ཚིག
|
| Definition
|
མདོ། ཕར་ཕྱིན། རང་རྒྱུད་པ། རང་གི་དམིགས་ཡུལ་དུ་གྱུར་པའི་རྫས་འཛིན་ལ་དམིགས་ནས་དེ་ལོངས་སྤྱོད་བྱེད་དུ་བདེན་པར་འཛིན་པའི་བདེན་འཛིན་ཀུན་བཏགས་ཤིག་ལ་ཟེར། པཎ་ཆེན་ཕར་ཕྱིན་མཐའ་དཔྱོད་ལས། རང་གི་དམིགས་ཡུལ་དུ་གྱུར་པའི་རྫས་འཛིན་ལ་དམིགས་ནས་ལོངས་སྤྱོད་བྱེད་དུ་བདེན་པར་ཞེན་པའི་ཞེན་རིག་དེ། ཤེས་སྒྲིབ་རྫས་འཛིན་རྟོག་པའི་མཚན་ཉིད། ཅེས་གསུངས།
|
| Domain
|
ཆོས་ལུགས།
|
མཐོང་སྤང་རྫས་འཛིན་རྟོག་པ་ (2)
| Part of speech
|
མིང་ཚིག
|
| Definition
|
ཕར་ཕྱིན། མཚན་ཉིད་ནི། མཐོང་སྤང་དུ་གྱུར་པའི་ཤེས་སྒྲིབ་གང་ཞིག རང་ཡུལ་ལོངས་སྤྱོད་པ་པོ་ལ་དམིགས་ནས་འཛིན་པ་པོར་བདེན་པར་མངོན་པར་ཞེན་པའི་བློའོ་ཞེས་ཀུན་མཁྱེན་གོ་རམས་པའི་སྦས་དོན་རབ་གསལ་ལས་སོ། །སོ་སོའི་སྐྱེ་བོ་དག་གི་སྐྱེས་བུ་རྫས་སུ་ཡོད་པའི་རྟེན་ཅན་གྱི་རྟོག་པའི་ངོ་བོ་ནི། འཛིན་དོར་སོགས་ཡུལ་དགུ་ལ་བདེན་པར་ཞེན་པའི་བློ་དེ། འཛིན་པར་རྣམ་པར་རྟོག་པ་ཡིན་ཏེ། ཡུལ་ལ་བདེན་པའི་དངོས་པོར་ཞེན་པའི་བློ་ཡིན་པའི་ཕྱིར། འདིར་དོན་དམ་པའི་དངོས་པོར་མངོན་པར་ཞེན་པས་འཛིན་པར་རྣམ་པར་རྟོག་ཅེས་སོ། །མི་མཐུན་ཕྱོགས་སུ་བསྟན་པ་ནི། རྫས་སུ་ཡོད་པའི་རྟེན་ཅན་གྱི་རྟོག་པ་དེ། མཐོང་ལམ་རྩེ་སྦྱོར་གྱི་མི་མཐུན་ཕྱོགས་སུ་གྱུར་པ་ཡིན་ཏེ། དེ་སྐྱེ་བའི་གེགས་བྱེད་ཡིན་པའི་ཕྱིར། མཐོང་སྤང་ཉོན་མོངས་པ་བཞིན། དབྱེ་བ་ནི། རྣམ་པ་དགུ་ཡོད་དེ། ཡུལ་དགུ་ཡོད་པའི་དབྱེ་བས་སོ། །རྟོག་པར་སྒྲུབ་པ་ནི། ཡུལ་གྱི་གནས་ཚུལ་ཇི་ལྟ་བ་བཞིན་མ་ཡིན་པར་འཛིན་པའི་རང་གི་ངོ་བོ་དག་ཏུ་ཤེས་པར་བྱའོ་ཞེས་ཀུན་མཁྱེན་རོང་སྟོན་གྱི་རྣམ་བཤད་ཚིག་དོན་རབ་གསལ་ལས་སོ། །མཐོང་སྤངས་སུ་གྱུར་པའི་རྟོག་པ་གང་ཞིག ཡུལ་འཛིན་པ་ལ་དམིགས་ནས་རྫས་ཡོད་ཀྱི་འཛིན་པར་ཞེན་པའི་བློ་དེ། མཐོང་སྤང་དུ་གྱུར་པའི་རྫས་འཛིན་རྟོག་པའི་མཚན་ཉིད། དབྱེ་ན། གང་ཟག་ལ་རྫས་འཛིན་རྟོག་པ་དང། ཆོས་ལ་རྫས་འཛིན་རྟོག་པ་གཉིས་སོ་ཞེས་པཎ་ཆེན་ཤཱཀ་མཆོག་གི་རྒྱན་འགྲེལ་ལུང་དོན་རྒྱ་མཚོ་ལས་སོ། །ཐེག་ཆེན་གྱི་མཐོང་སྤང་རྟོག་པ་གང་ཞིག རང་ཡུལ་དུ་གྱུར་པའི་གང་ཟག་དང། ཆོས་ཀྱི་ཟླས་ཕྱེ་བའི་དེ་གང་རུང་ལ་དམིགས་ནས། འཛིན་པ་པོར་བདེན་པ་མངོན་པར་ཞེན་པའི་བློ་དེ་སྐབས་ལྔ་པའི་དངོས་བསྟན་གྱི་མཐོང་སྤང་རྫས་འཛིན་རྟོག་པའི་མཚན་ཉིད། དེ་ལ་དབྱེ་ན། གང་ཟག་གི་དབང་དུ་བྱས་པའི་མཐོང་སྤང་རྫས་འཛིན་རྟོག་པ་དང། ཆོས་ཀྱི་དབང་དུ་བྱས་པའི་མཐོང་སྤང་རྫས་འཛིན་རྟོག་པ་གཉིས་ཡོད། དེ་ལྟར་རྫས་འཛིན་རྟོག་པ་གཉིས་ལས། དང་པོ་ནི། ཉན་ཐོས་ཀྱི་སྤངས་བྱའི་རིགས་སུ་གནས་པའི་ཉོན་སྒྲིབ་དང། ཕྱི་མ་ནི་བྱང་སེམས་ཀྱི་སྤང་བྱའི་རིགས་སུ་གནས་པའི་ཤེས་སྒྲིབ་ཡིན་ཏེ། སྐབས་དང་པོ་ཐད་ཀྱི་འདི་ཉིད་ལས། རྫས་འཛིན་རྟོག་པ་ལ་གང་ཟག་ལ་རྫས་ཡོད་དུ་འཛིན་པ་ནི། གང་ཟག་གི་བདག་འཛིན་ཡིན་ཏེ། ཉན་ཐོས་ཀྱི་སྤང་བྱའི་རིགས་སུ་གནས་པའི་ཉོན་སྒྲིབ་དང་། ཆོས་ལ་རྫས་ཡོད་དུ་འཛིན་པ་དང། བརྟག་འཛིན་རྟོག་པ་གཉིས་ནི། ཆོས་ཀྱི་བདག་འཛིན་ཡིན་པས། བྱང་སེམས་ཀྱི་སྤང་བྱའི་རིགས་སུ་གནས་པའི་ཤེས་སྒྲིབ་ཡིན་པའི་ཕྱིར་ཞེས་གསུངས་པའི་ཕྱིར་རོ་ཞེས་པཎ་ཆེན་ངག་ཆོས་ཀྱི་ཀུན་མཁྱེན་བླ་མའི་དགོངས་དོན་རབ་གསལ་ལས་སོ། །
|