53216

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མཐོང་སྤང་ལྡོག་པ་གཟུང་རྟོག་དགུ་ (1)
Part of speech མིང་ཚིག
Definition མདོ། ཕར་ཕྱིན། རང་རྒྱུད་པ། གདུལ་བྱ་ཉེ་བའི་བསམ་པ་ལ་ལྟོས་ནས་མཐོང་སྤང་རྟོག་པ་གཉིས་པའི་ནང་གསེས་སོ་སོར་ཕྱེ་བ་ལ་དགུ་ཡོད་དེ། པཎ་ཆེན་ཕར་ཕྱིན་རྩ་ཊཱིཀ་ལས། དགུ་བོ་གང་ཞེ་ན། འདི་ལ་ལྔ་སྟེ། ཉན་རང་གི་རྟོགས་པ་དམན་པ། བདག་རྐྱེན་ཡོངས་འཛིན་དམན་པ། དོན་གཉིས་བསྒྲུབ་པའི་ཐབས་དམན་པ། སྤངས་རྟོགས་ཁྱད་པར་ཅན་ལས་ཉམས་པ། ལམ་འབྲས་ཁྱད་པར་ཅན་མ་ཐོབ་པས་ཉམས་པའོ། །དང་པོ་ནི། ༡ ཉན་རང་ཆོས་ཅན། རྟོགས་པ་དམན་པ་ཉིད་ཡིན་ཏེ། ཐར་ལམ་ལ་ཞུགས་ཀྱང་འཁོར་བ་དང་མྱ་ངན་ལས་འདས་པ་གང་ཡང་རུང་བ་ཞིག་ཏུ་ལྷུང་བ་ཉིད་ཀྱིས་ཕྱིར། གཉིས་པ་ནི། ༢ དེ་ཆོས་ཅན། ཐབས་ཤེས་ཁྱད་པར་ཅན་གྱིས་ཡོངས་སུ་འཛིན་པ་མེད་པ་ཡིན་ཏེ། དགེ་བའི་བཤེས་གཉེན་ཐབས་ལ་མཁས་པ་ཉིད་དང་བྲལ་བ་ཉིད་ཀྱིས་ཕྱིར། གསུམ་པ་ལ། གཞན་དོན་བསྒྲུབ་པའི་ཐབས་དམན་པ། རང་དོན་བསྒྲུབ་པའི་ཐབས་དམན་པ། དོན་གཉིས་བསྒྲུབ་པའི་ཐབས་དམན་པའོ། །དང་པོ་ནི། ༣ དེ་ཆོས་ཅན། གཞན་དོན་སྒྲུབ་པའི་ལམ་མ་ཚང་བ་ཡིན་ཏེ། ཤེས་བྱའི་སྒྲིབ་པ་མཐའ་དག་གི་གཉེན་པོ་ཚང་བ་མ་ཡིན་པ་ཉིད་ཀྱིས་ཕྱིར། གཉིས་པ་ནི། ༤ དེ་ཆོས་ཅན། ཐར་པ་གཞན་གྱི་རྐྱེན་གྱིས་འགྲོ་བ་ཉིད་ཡིན་ཏེ། སྲིད་པ་ཐ་མ་པའི་ཚེ་ཡང་དེ་བཞིན་གཤེགས་པ་ལ་སོགས་པའི་གདམས་ངག་ལ་ལྟོས་པ་དང་བཅས་པ་ཉིད་ཀྱིས་ཕྱིར། གསུམ་པ་ནི། ༥ དེ་ཆོས་ཅན། ཆེད་དུ་བྱ་བ་ལོག་པ་ཡིན་ཏེ། ཆེད་དུ་བྱ་བ་སེམས་ཅན་ཐམས་ཅད་ཀྱི་མཆོག་ཉིད་ཀྱི་སེམས་ཆེན་པོ་ཉིད་ལ་སོགས་པ་ཆེན་པོ་གསུམ་ལ་མི་འཇུག་པ་ཉིད་ཀྱིས་ཕྱིར། བཞི་པ་ལ། སྤངས་པ་དམན་པ། རྟོགས་པ་དམན་པའོ། །དང་པོ་ནི། ༦ དེ་ཆོས་ཅན། སྤངས་པ་ཉི་ཚེ་བའི་ལམ་གྱི་བྱེད་པ་དང་ལྡན་ཏེ། ཉོན་མོངས་པའི་སྒྲིབ་པའི་གཉེན་པོ་ཙམ་ཞིག་སྒོམ་པ་ཉིད་ཀྱིས་ཕྱིར། གཉིས་པ་ནི། ༧ དེ་ཆོས་ཅན། འབྲས་བུ་དང་པོ་རྒྱུན་ཞུགས་ལ་སོགས་པ་རྟོགས་པ་མཐོ་དམན་གྱི་རིགས་ཐ་དད་པ་ཉིད་དང་ལྡན་ཏེ། གཞི་ལམ་ལ་བདེན་པར་དམིགས་པ་དང་བཅས་པ་ཉིད་ཀྱིས་འབྲས་བུ་བཞི་རིམ་གྱིས་ཐོབ་པར་བྱེད་པའི་ཕྱིར། ལྔ་པ་ལ། ལམ་ཁྱད་པར་ཅན་མ་ཐོབ་པས་ཉམས་པ། འབྲས་བུ་ཁྱད་པར་ཅན་མ་ཐོབ་པས་ཉམས་པའོ། །དང་པོ་ནི། ༨ དེ་ཆོས་ཅན། ཐེག་པ་ཆེན་པོའི་ལམ་ལ་གནས་པ་དང་འགྲོ་བ་མི་ཤེས་པ་ཡིན་ཏེ། རང་ལམ་དུ་མ་རིག་པའི་བག་ལ་ཉལ་ཐམས་ཅད་མ་སྤངས་པ་ཉིད་ཀྱིས་ཕྱིར། གཉིས་པ་ནི། ༩ རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མྱ་ངན་ལས་འདས་པ་ཐམས་ཅད་ཀྱི་མཇུག་ཏུ་འགྲོ་ཞིང་ཐོབ་པར་བྱ་བ་ཡིན་ཏེ། རྣམ་མཁྱེན་དེ་ཐེག་པ་ཆེན་པོའི་སྤངས་རྟོགས་ཀྱི་རིགས་ཐམས་ཅད་སྡུད་པར་བྱེད་པ་ཉིད་ཀྱིས་ཕྱིར། དེས་ན་བྱང་ཆུབ་སེམས་དཔའི་རྒྱུད་ལ་གཟུང་བར་བྱ་བ་མ་ཡིན་པ་ཉིད་དུ་ལྡོག་པར་བྱའོ་ཞེས་ཡུལ་གྱི་སྒོ་ནས་ལྡོག་པ་གཟུང་རྟོག་འཇོག་སྟེ། ཉན་རང་གི་ལམ་འབྲས་ཉེས་པ་དང་བཅས་པ་ཉིད་ཀྱིས་ཕྱིར། ཞེས་གསུངས།
Domain ཆོས་ལུགས།