53448

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མདོ་ཁམས་གུ་ཎ་དགོན་ (1)
Part of speech མིང་ཚིག
Definition དཔལ་ལྡན་ས་སྐྱ་གུ་ཎ་དགོན་པ་ནི། ས་པཎ་གྱི་ཞལ་སློབ་དབུ་ནམ་མཁའ་བཟང་པོས་བོད་རབ་བྱུང་བཞི་པའི་ཆུ་ཡོས་ཕྱི་ལོ་ ༡༢༤༣ ལོར། སྨར་ཁམས་ཀྱི་ཤར་ཕྱོགས་དངུལ་མཁར་འགག་གི་མགོ་ལེགས་རི་ལ་ཕྱག་བཏབ། གུ་ཎ་ནི་ཡོན་ཏན་གྱི་དོན་ཡིན། རྗེ་འདི་མཁས་གྲུབ་གཉིས་ལྡན་ཞིག་ཡིན་པས་ས་ངན་ཤེལ་དཀར་ཚོ་དྲུག་དང་། གོ་འཇོ། འབའ་ཙོང་རོང་གསུམ། ཁྱུང་འབུམ། སྟག་ར། སྲུང་བ་སྟོད་སྨད། འབའ་ཐང་སོགས་ལ་དགོན་པ་བཏབ་པས་གུ་ཎ་དགོན་ཚོ་སུམ་ཅུ་ཞེས་སྙན་གྲགས་ཀྱི་ཆོས་དུང་བུས་པའི་དུས་དེར། གུ་ཎའི་བཤད་གྲྭ་ལ་བཤད་སྒྲུབ་འཁོར་ལོ་གསུམ་གྱི་བྱ་བར་བརྩོན་པའི་དགེ་འདུན་ལྔ་བརྒྱ་ལྷག་འཛོམས་པའི་བསྐལ་བཟང་གི་དུས་སུ། གུ་ཎ་རབ་འབྱམས་པའི་མཚན་སྙན་བཞེས་པའི་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་བུ་མང་དུ་བྱོན་པ་རྣམས་ཀྱིས་སྨར་ཡུལ་འདིར་ས་སྐྱའི་རིང་ལུགས་མཛེས་པར་མཛད། ལྕགས་མཁར་རི་ཁྲོད་དུ་གསེར་ཆོས་ལམ་འབྲས་སྒོམ་སྒྲུབ་ཉམས་བཞེས་པ་གྲྭ་བཙུན་སྔགས་གསུམ་གྱི་རྟོགས་ལྡན་མང་པོ་བྱོན། བོད་ཟླ་༤ཚེས་༡༥ལ་དབུ་ནམ་མཁའ་བཟང་པོའི་འདས་མཆོད་ཕུལ་སྲོལ་ཡོད། ཕྱི་ལོ་ ༡༢༧༥ ལོར། ཆོས་རྒྱལ་འཕགས་པ་སྨར་ཁམས་སུ་ཕེབས་དུས་གུ་ཎ་གྲྭ་ཚང་ལ་ནང་རྟེན་བྱིན་ཆེན་བསྩལ་ནས་གཟིགས་སྐྱོང་བླ་མེད་མཛད། ཕྱིས་སུ་སོག་པོས་སྨར་ཁམས་དབང་བསྒྱུར་བྱས་ནས་སོག་སྡེ་དཔོན་མགོ་ཟེར་དུས་གུ་ཎ་གྲྭ་ཚང་གི་མངའ་འབངས་དངུལ་མཁར་འགག་པ་དང་ས་ངན་ཤེལ་དཀར་ཚོ་དྲུག་སོགས་ཁྲིམས་འགོ་རང་བཙན་འཛིན་ཏེ། བོད་མི་རིགས་ཀྱི་ལྟ་གྲུབ་དང་རུས་རྒྱུད་གཙང་མ་སྐྱོང་བའི་ཐུགས་འགན་བཞེས་ནས་སྨར་ཁམས་སུ་སོག་པོའི་རུས་རྒྱུད་འདྲེས་མ་རྣམས་ལ་སོག་རུས་མ་ཞེས་མིང་འདོགས་འབོད་པའི་སྲོལ་རྒྱུན་ད་ལྟའི་བར་ཡོད། དུས་དེར་གནམ་ལ་ཉི་ཟླ་སྐར་གསུམ། ས་ལ་གུ་འབྲུག་གསེར་གསུམ་ཞེས་སྨར་ཡུལ་དུ་ཆོས་སྲིད་གཉིས་ཀྱི་གོ་ས་མཐོ་ཤོས་བཟུང་བའི་དགོན་སྡེ་ཆེ་ཤོས་གསུམ་གྱི་གྲས་ཤིག་ཡིན། དགོན་པ་དེ་རིམ་བཞིན་ཉམས་ནས་ཆོས་གཞིས་བརྒྱ་དང་ལྔ་བཅུ་ཙམ་ལས་མེད་པར་གྱུར་ཟིན་ཀྱང་སྔར གྱི་ནུས་པ་ཤུལ་འཛིན་བྱས་ཏེ། ཕྱག་མཛོད་རིམ་བྱུང་གིས་དུས་འགྱུར་བར་སུ་ལ་ཡང་ཁྲལ་འུལ་སྤྲོད་སྲོལ་མེད། དགོན་འདིར་རྗེ་བཙུན་རྟ་མགྲིན་དབང་མོ་དང་ངོར་དམ་པ་རིན་པོ་ཆེ་སོགས་སྐྱེས་མཆོག་མང་པོས་ལམ་འབྲས་ཀྱི་ཆོས་འཁོར་བསྐོར། རིག་གནས་གསར་བརྗེའི་དུས་དགོན་པ་གྱང་རོར་བསྒྱུར་ཀྱང་སླར་ཉམས་གསོ་ལན་གཉིས་བྱས་པས་སྔ་ལས་དར་རྒྱས་སུ་འགྲོ་བཞིན་པ་ཡིན། མེས་པོའི་ཤུལ་བཞག་སྐུ་གསུང་ཐུགས་རྟེན་དང་མཆོད་རྫས་རིན་ཐང་བྲལ་བ་མང་པོ་བཞུགས་པ་རྣམས་ཟུར་བཀོད་བྱས་ཡོད། དགོན་པ་འདི་ཁྲི་ཆེན་སངས་རྒྱས་རྒྱལ་མཚན་དང་པཎ་ཆེན་ཆོས་གྲགས་རྒྱ་མཚོ་སོགས་སྐྱེས་མཆོག་མང་པོའི་ཐུགས་འཁུར་འོག་ལོ་རྒྱུས་ཀྱི་གཟི་བརྗིད་ཉམས་མེད་དུ་བཞུགས་ཚུལ་སྙིང་བསྡུས་ཙམ་ཡིན།