53471

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མདོ་དགོངས་པ་འདུས་པ་ (1)
Part of speech མིང་ཚིག
Definition གསང་སྔགས་རྙིང་མའི་ནང་རྒྱུད་སྡེ་གསུམ་གྱི་གཞུང་ཆེན་མདོ་སྒྱུ་སེམས་གསུམ་དུ་གྲགས་པའི་ཡ་གྱལ་སྤྱི་མདོ་དགོངས་པ་འདུས་པ་སྟེ། ཨ་ནུ་ཡོ་གའི་མདོ་ལྔའི་ནང་གསེས་ཤིག་ཡིན། རྒྱུད་འདི་སྟོན་པ་ཀུན་བཟང་རྡོ་རྗེ་འཛིན་པས་འོག་མིན་ཆེན་པོར་དག་པའི་འཁོར་ལ་གསུངས་པ་ཕྱག་ན་རྡོ་རྗེས་བཀའ་བསྡུ་མཛད། ཕྱིས་སྟོན་པ་ཤཱཀྱ་ཐུབ་པ་ཉིད་ཀྱིས་འདའ་ཁར་ལུང་བསྟན་པ་ལྟར་སྟོན་པ་འདས་ནས་ལོ་ཉེར་བརྒྱད་ན། མ་ལ་ཡའི་རི་བོའི་རྩེ་ཆོས་འཛིན་རིགས་ཀྱི་གྲུབ་གནས་སུ་དམ་པའི་རིགས་ཅན་ལྔ་ལ་ཕྱག་ན་རྡོ་རྗེས་གསུངས་པ་སྲིན་པོ་བློ་གྲོས་ཐབས་ལྡན་གྱིས་བསྡུ་བ་མཛད་ཅིང་ཡི་གེར་བཏབ་སྟེ་དགོངས་པའི་རྩལ་བདུན་གྱི་ནམ་མཁར་སྦས་པ་ཉིད། རི་མེ་རི་འབར་བའི་ངོས་སུ་རྒྱལ་པོ་ཛཿ་ལ་ཡ་མཚན་གྱི་རྨི་ལྟས་བདུན་བྱུང་བའི་རྗེས་སྤྲུལ་པའི་གླེགས་བམ་སྣང་ཞིང་གསང་བདག་ཞལ་གཟིགས་ནས་དབང་བསྐུར་རྒྱུད་བཤད་ནས་རིམ་པས་བརྒྱུད། བརྗོད་བྱ་གསང་སྔགས་ཀྱི་བྱུང་ཚུལ་བཅུ་གཉིས་སྒོ་ནས་རྣལ་འབྱོར་རྣམ་གསུམ་གྱིས་གཞི་རྒྱུ་འབྲས་གསུམ་བསྟན། ལེའུ་བདུན་ཅུ་རྩ་ལྔ་དང་བམ་པོ་བཅུ། ཤློཀ་སུམ་སྟོང་ཉིས་བརྒྱ་ལྔ་བཅུ་རྩ་གཉིས་ཡོད་ཅེས་བསྒྱུར་བྱང་དུ་གསལ། བོད་དུ་དུས་རབས་དགུ་པའི་མཇུག་ཙམ་ལ་བྲུ་ཤའི་ལོ་ཙཱ་བ་ཆེ་ཙན་སྐྱེས་རྒྱ་གར་ལ་བྱོན་ནས་བོད་ལ་ལོག་སྐབས་རྒྱལ་པོ་གླང་དར་མས་བསྟན་པ་སྣུབ་པར་འཁེལ་བས། སླར་བྲུ་ཤའི་ཡུལ་ཁྲོམ་དུ་ཕེབས་ཤིང་དེར་པཎྜི་ཏ་དྷརྨ་བོ་དྷི་དང་། ཞུས་ཆེན་གྱི་ལོ་ཙཱ་བ་ཆེ་བཙན་སྐྱེས་ཀྱིས་བྲུ་ཤའི་སྐད་དུ་བསྒྱུར་བ། སླར་ལོ་པཎ་དེ་གཉིས་དང་པཎྜི་ཏ་དཱ་ན་རཀྵི་ཏ་བཅས་གསུམ་པོས་བོད་སྐད་དུ་བསྒྱུར་ཞུས་མཛད་པས་ཀླད་ཀྱི་མཚན་ལ་སྐད་གསུམ་ཤན་སྦྱར་དུ་ཡོད། མཚན་གྱི་རྣམ་གྲངས་ལ་ལེའུ་རེ་དྲུག་པར་སངས་རྒྱས་ཀུན་གྱི་དགོངས་པ་འདུས་པའི་མདོ། དོན་གྱི་སྙིང་པོ། རྡོ་རྗེ་བཀོད་པའི་རྒྱུད། རྣལ་འབྱོར་གྲུབ་པའི་ལུང་། ཀུན་འདུས་རིག་པའི་མདོ། ཐེག་པ་ཆེན་པོའི་མངོན་པར་རྟོགས་པ། ཆོས་ཀྱི་རྣམ་གྲངས་རྣམ་པར་བཀོད་པ། ཐེག་པ་ཆེན་པོའི་བྱུང་ཚུལ་བསྟན་པའི་མདོ་སྟེ་བརྒྱད་པོ་མ་ལ་ཡར་གསང་བདག་གིས་གསུང་པའི་ལུང་བསྟན་བརྒྱུད་པའི་རྒྱུད་ཀྱི་མཚན་ཡིན། ལེའུ་ཞེ་བརྒྱད་དུ་དོན་གྱི་བཀོད་པ། རྟགས་ཀྱི་རོལ་པ། གསང་བའི་ངེས་པ། བཀའི་འགྲེལ་པ། ཆོས་ཀྱི་མེ་ལོང་། གཏན་ཚིགས་ཀྱི་འབྱུང་གནས། དགོངས་པ་ཀུན་འདུས། རྡོ་རྗེ་རྣམ་པར་བསྒྱིངས་པའི་གཞུང་སྟེ་བརྒྱད་པོ་དག་པའི་ཞིང་དུ་སྟོན་པ་རྡོ་རྗེ་འཛིན་གྱིས་གསུངས་པའི་བྱིན་རླབས་འབྱུང་བའི་རྒྱུད་ཀྱི་མཚན་ཡིན། རྒྱུད་འདི་ལ་རྒྱ་བོད་ཀྱི་དགོངས་འགྲེལ་ནི། རྒྱལ་པོ་ཛཿས་འགྲེལ་པ་ལུང་བསྟན་ཡེ་ཤེས་སྣང་བ་རྒྱན། དོན་བསྡུས་ཆེ་བ་དང་བྱུང་ཚུལ་བསྡུས་པ་བྱུང་ཚུལ་གསལ་བྱེད། དྷརྨ་བོ་དྷིས་དོན་བསྡུས་ཆུང་བ་མེ་ལོང་གསལ་བྱེད། གནུབས་ཆེན་གྱི་མུན་པའི་གོ་ཆ། རོག་བརྩོན་འགྲུས་སེངྒེའི་ཁོག་དོན་རིན་ཆེན་སྒྲོན་མ། ཀཿདམ་པ་བདེ་གཤེགས་ཀྱི་བསྡུས་དོན་དཀའ་འགྲེལ་ཁོག་དབུབ་སོགས་དང་མཁན་ནུས་ལྡན་གྱི་གཟི་ལྡན་འཆར་ཁའི་འོད་སྣང་སོགས་བཞུགས། སངས་རྒྱས་ཐམས་ཅད་ཀྱི་དགོངས་པ་འདུས་པའི་མདོ་ལེའུ་བདུན་ཅུ་དོན་ལྔ་པའི་བདག་ཉིད་ཅན། རྒྱ་གར་གྱི་མཁན་པོ་དྷརྨ་བོ་དྷི་དང༌། དཱ་ན་རཀྴི་ཏ་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་ཆེ་བཙན་སྐྱེས་ཀྱིས་བསྒྱུར།

{{#arraymap:མདོ་དགོངས་པ་འདུས་པ་

|; |@@@ | | }}