53490

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མདོ་བ་བློ་བཟང་བསྟན་པ་ཆོས་ཀྱི་ཉི་མ་ (1)
Part of speech མིང་ཚིག
Definition མདོ་སྨད་རྨ་ཆུའི་འགྲམ་གྱི་མདོ་བར་འཁྲུངས། འཁྲུངས་ལོ་མི་གསལ། ཆུང་དུས་ནས་རབ་ཏུ་བྱུང་། རང་ཡུལ་ནས་དཔེ་གཟིགས་གནང་། དབུས་ཀྱི་འབྲས་སྤུངས་སྒོ་མང་གྲྭ་ཚང་གི་ཆོས་སྒོར་ཞུགས། གཞུང་བཀའ་པོད་ལྔར་དཔྱིས་ཕྱིན་པ་སྦྱངས། ངམ་རིང་དུ་རབ་འབྱམས་སྨྲ་བའི་མཚན་བཏགས་བཞེས། གཙང་བཀྲ་ཤིས་ལྷུན་པོའི་སྔགས་པ་བླ་མ་མཛད། པཎ་ཆེན་རིན་པོ་ཆེའི་བཀའ་ལྟར་མདོ་སྨད་དུ་བྱོན། ཧན་སྟག་ལུང་དགོན་དང་། མཆོད་རྟེན་ཐང་། ཏས་ཐུང་དགོན་ཆེ་བའི་བླ་མ་ཡང་མཛད། ཇག་རུང་གི་ཡར་ལུང་དགོན་དང་། སྟག་ལུང་དགོན་གཉིས་གསར་འདེབས་མཛད། དགོན་པ་དེ་གཉིས་ཀྱི་མཆོད་གཞིས་ཕྱིར་རྒྱ་ནག་པེ་ཅིང་ཕོ་བྲང་དུ་བྱོན། བདེ་སྐྱིད་རྒྱལ་པོས་གཟིགས་བཟང་གནང་། ཕོ་བྲང་ནང་གི་ཆ་གྭན་སེའི་བླ་མ་མཛད། སྔ་ཕྱིར་དབུས་སུ་ལན་བཞི་དང་། རྒྱ་ནག་པེ་ཅིང་ཕོ་བྲང་དུ་ཐེངས་བཞིར་ཕེབས། རབ་བྱུང་བཅུ་གཉིས་པའི་ལྕགས་སྦྲུལ་ཕྱི་ལོ་ ༡༧༠༡ ལོར་དགོན་ལུང་བྱམས་པ་གླིང་གི་ཁྲིར་བཞུགས། གདན་ས་ལོ་གསུམ་རིང་བསྐྱངས། འགྲིག་ལམ་དང་། ཀུན་སྤྱོད། འཆད་ཉན་བཅས་ལ་དོན་དམ་མཛད། འདས་ལོ་མི་གསལ། དགོན་ལུང་བྱམས་པ་གླིང་གི་གདན་སའི་མཁན་རབས་ཉེར་གསུམ་པ་ཡིན།