53494

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མདོ་མཁར་ཞབས་དྲུང་ཚེ་རིང་དབང་རྒྱལ་ (1)
Part of speech མིང་ཚིག
Definition རབ་བྱུང་བཅུ་གཉིས་པའི་མེ་གླང་ཕྱི་ལོ་ ༡༦༩༧ ལོར་བྱང་སྟག་ལུང་དུ་ཡབ་ངག་དབང་ཚངས་པ་དང་། ཡུམ་མདང་དྲུང་གཉིས་ཀྱི་སྲས་སུ་འཁྲུངས། ལོ་དྲུག་ནས་བཅུ་བཞིའི་བར་བོད་ཀྱི་ཡིག་རྩིས་སྙན་ངག་སྦྱངས། བཅོ་ལྔ་ནས་ལོ་གསུམ་རིང་སྨིན་གྲོལ་གླིང་དུ་ལོ་ཆེན་དྷརྨ་ཤྲཱི་ལས་སྙན་ངག་ལེའུ་གསུམ་དང་། རྩིས་སྐོར། དབྱངས་ཅན་སྒྲ་མདོ། རྙིང་མའི་ཆོས་ལུགས་བཅས་སྦྱངས། སྒྲ་རིག་པའི་རི་མོ་ཡོངས་རྫོགས་ཀྱི་རྒྱུགས་འཕྲོད་པས་ཀུན་བཤད་ཀྱི་མཚན་ལ་ཚངས་སྲས་དགྱེས་པའི་བློ་ལྡན་ཞེས་གསོལ། བཅུ་དགུ་པ་རབ་བྱུང་བཅུ་གཉིས་པའི་མེ་སྦྲེལ་ཕྱི་ལོ་ ༡༧༡༦ ལོར་གཞིས་ཀ་རྩེའི་ཡོངས་བཞེས་སུ་ཕེབས། དེའི་ཕྱིར་ལོར་གཞིས་ཀ་རྩེའི་རྫོང་དཔོན་གྱི་འགན་ཁུར། ཉེར་གཅིག་པར་ལྕགས་རྩེ་གྲི་གུ་རྫོང་གི་རྫོང་དཔོན་མཛད། ཉེར་བཞི་པར་གོང་དཀར་རྫོང་གི་རྫོང་དཔོན་མཛད། ལོ་དེར་རྩིས་དཔོན་གྱི་ལས་འགན་བཞེས། ང་ལུམ་སྦྱར་གསུམ་ཚར་བཅད། ཕོ་ལྷ་བསོད་ནམས་སྟོབས་རྒྱས་བཀའ་བློན་གྱི་གོ་གནས་བཞེས་སྐབས་ལས་རོགས་སུ་ཛ་སག་ཐའི་ཇིའི་གོ་གནས་དང་སྦྲགས་བཀའ་བློན་དུ་བསྐོས། ལུག་ ༡༧༥༡ ལོར་བཀའ་ཤག་གསར་འཛུགས་སྐབས་ཀྱི་བཀའ་བློན་ཡིན། བཀའ་བློན་གྱི་ལས་འགན་ལོ་ངོ་སོ་བཞིའི་རིང་བཞེས། རབ་བྱུང་བཅུ་གསུམ་པའི་ཆུ་ལུག་ཕྱི་ལོ་ ༡༧༦༣ ལོར་སྐུ་གཤེགས། གསུང་རྩོམ་ནི་གཞོན་ནུ་ཟླ་མེད་ཀྱི་རྟོགས་བརྗོད། མི་དབང་རྟོགས་བརྗོད། བཀའ་བློན་རྟོགས་བརྗོད། སངས་རྒྱས་ཀྱི་སྐྱེས་རབས་སྐད་གཉིས་ཤན་སྦྱར། རྒྱ་གར་སྐད་དང་བོད་སྐད་གཉིས་ཤན་སྦྱར་གྱི་ཉེར་མཁོའི་བརྡ་སྤྲོད་གསལ་བྱེད་ཀཱ་ལིའི་ཕྲེང་བསྒྲིགས་པ་བཅས་བཞུགས།