53956

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མཚན་བཟང་ (1)
Part of speech མིང་ཚིག
Definition མདོ། ཕར་ཕྱིན། གཟུགས་ཕུང་གིས་བསྡུས་པའི་སངས་རྒྱས་ཀྱི་ཡོན་ཏན་གང་ཞིག སྐྱེས་བུ་ཆེན་པོར་མཚོན་པར་བྱེད་པ་དེ། སངས་རྒྱས་ཀྱི་མཚན་གྱི་མཚན་ཉིད་དང། ཡང་ན་སངས་རྒྱས་ཀྱི་སྐུའི་ཆ་མཛེས་པར་བྱེད་པའི་བྱེད་ཆོས་ཀྱི་གཙོ་བོ་དེ། སངས་རྒྱས་ཀྱི་མཚན་དང། དེ་ཡང་མཚན་རྣམས་ནི་གཙོ་བོ་ཡིན་པས། རེ་རེའང་ཕྱིན་དྲུག་གི་རྒྱུ་ལས་བྱུང་བར་སྐལ་བཟང་ལས་གསུངས་ལ། དེ་ཡང་སྨིན་མཚམས་ཀྱི་མཛོད་སྤུ་ཁ་དོག་དཀར་བ་ནི་སྦྱིན་པའི་འབྲས་བུ་དང་། གཡས་སུ་འཁྱིལ་བ་ནི་ཚུལ་ཁྲིམས་ཀྱི། ཟིལ་གྱིས་གནོན་པ་ནི་བཟོད་པའི། རང་གི་སར་གནས་པ་ནི་བརྩོན་འགྲུས་ཀྱི། ལེགས་པར་གནས་པ་ནི་བསམ་གཏན་གྱི། འོད་མཐའ་ཡས་པས་ཁྱབ་པ་ནི་ཤེས་རབ་ཀྱི་འབྲས་བུ་ཡིན་པ་སོགས་རྒྱས་པར་གསུངས་སོ་ཞེས་པཎ་ཆེན་ཤཱཀ་མཆོག་གི་རྒྱན་འགྲེལ་ལུང་དོན་རྒྱ་མཚོ་ལས་སོ། །
Domain ཆོས་ལུགས།

{{#arraymap:མཚན་བཟང་

|; |@@@ | | }}

མཚན་བཟང་ (2)
Part of speech མིང་ཚིག
Definition རང་རྒྱུད་པ། རང་གང་ལ་ལྡན་པའི་གང་ཟག་དེ་ཉིད་སྐྱེས་བུ་ཆེན་པོར་མཚོན་པར་བྱེད་པའི་སངས་རྒྱས་ཀྱི་མཚན་རྟགས་ཁྱད་པར་ཅན་ཞིག་ལ་ཟེར། པཎ་ཆེན་གྱི་ཕར་ཕྱིན་སྤྱི་དོན་ལས། རང་རྒྱུད་ལྡན་གྱི་གང་ཟག་སྐྱེས་བུ་ཆེན་པོར་མཚོན་པར་བྱེད་པས་ན་མཚན་དང། ཞེས་གསུངས། མཚན་བཟང་དེ་ལ་དབྱེ་ན་སུམ་ཅུ་རྩ་གཉིས་ཡོད་དེ། བསྟན་བཅོས་མངོན་རྟོགས་རྒྱན་ལས། མཚན་ནི་སུམ་ཅུ་རྩ་གཉིས་དང། ཞེས་གསུངས། དེ་ཡང་པཎ་ཆེན་ཕར་ཕྱིན་སྤྱི་དོན་ལས། ཅིའི་ཕྱིར་མཚན་དང་དཔེ་བྱད་ཅེས་བྱ་ཞེ་ན། དེའི་རྒྱུ་མཚན་ཡོད་དེ། རང་རྒྱུད་ལྡན་གྱི་གང་ཟག་སྐྱེས་བུ་ཆེན་པོར་མཚོན་པར་བྱེད་པས་ན་མཚན་དང། གང་ཟག་དེའི་ཡོན་ཏན་གཞན་ངོར་དཔོག་པར་བྱེད་པས་ན་དཔེ་བྱད་ཅེས་བརྗོད་པའི་ཕྱིར། འདི་གཉིས་ཀྱི་ཁྱད་པར་ཡོད་དེ། མཚན་གཙོ་བོ་དང་དཔེ་བྱད་འཁོར་ཡིན་པ་དང། ཡང་ན་མཚན་ཆོས་ཅན་དང། དཔེ་བྱད་དེའི་ཆོས་ཡིན་པའི་ཕྱིར། འདི་གཉིས་ཀྱི་རྒྱུ་ཡང་ཡོད་དེ། བླ་མ་སྐྱེལ་བ་སོགས་སོ་གཉིས་དང། འདུ་བྱེད་ཐམས་ཅད་ལ་འདོད་ཆགས་དང༌བྲལ་བ་སོགས་བརྒྱད་ཅུ་རིམ་པ་བཞིན་མཚན་དཔེ་བརྒྱ་དང་བཅུ་གཉིས་ཀྱི་ཐུན་མོང་མ་ཡིན་པའི་རྒྱུར་བཤད་ཅིང། ཐམས་ཅད་ཀྱི་ཐུན་མོང་བའི་རྒྱུ་ནི་ཚུལ་ཁྲིམས་སུ་གསུངས་པའི་ཕྱིར་རོ། །དེས་ན་བྱང་སེམས་རྣམས་དཔེ་བྱད་ཀྱི་རྒྱུར་ཚོགས་བསོག་པ་ལས་མཚན་གྱི་རྒྱུར་ཚོགས་བསག་པ་ཕུལ་ཤིན་ཏུ་ཆེ་བ་ཞིག་དགོས་པ་ཡིན་ཏེ། སེམས་ཅན་ཐམས་ཅད་ཀྱི་དགེ་རྩ་ཕྱོགས་གཅིག་ཏུ་བཞག་པས་སངས་རྒྱས་ཀྱི་བ་སྤུའི་ཁུང་བུ་གཅིག་འགྲུབ། བ་སྤུའི་བུ་ག་ཐམས་ཅད་འགྲུབ་པར་བྱེད་པའི་དགེ་བས་དཔེ་བྱད་གཅིག་འགྲུབ། དཔེ་བྱད་ཐམས་ཅད་འགྲུབ་པར་བྱེད་པའི་དགེ་བས་མཛོད་སྤུ་དང། དབུའི་གཙུག་ཏོར་མ་གཏོགས་པའི་མཚན་གང་ཡང་རུང་བ་གཅིག་འགྲུབ། མཚན་གཞན་འགྲུབ་པར་བྱེད་པའི་དགེ་བ་བརྒྱ་འགྱུར་དུ་བསྒྲེས་པས་སྨིན་མཚམས་ཀྱི་མཛོད་སྤུ་འགྲུབ། དེ་འགྲུབ་བྱེད་ཀྱི་དགེ་བ་སྟོང་དུ་བསྒྲེས་པས་དབུའི་གཙུག་ཏོར་འགྲུབ། དེ་འགྲུབ་བྱེད་ཀྱི་དགེ་བ་འབུམ་འགྱུར་དུ་བསྒྲེས་པས་གསུང་ཆོས་ཀྱི་གདངས་འགྲུབ་པར་བྱེད་པའི་ཕྱིར། ཞེས་གསུངས། མཚན་བཟང་པོ་སུམ་ཅུ་རྩ་གཉིས་ནི། ཕྱག་ཞབས་ཀྱི་མཐིལ་གཉིས་ན་འཁོར་ལོ་རྩིབས་སྟོང་གི་རི་མོ་ཡོད་པའི་མཚན་དང་། རུས་སྦལ་ལྟར་ཞབས་མཐིལ་མཉམ་པར་གནས་པའི། ཕྱག་ཞབས་ཀྱི་སོར་མོ་རྣམས་ངང་པའི་རྒྱལ་པོ་ལྟར་དྲ་བས་འབྲེལ་བའི། ཕྱག་ཞབས་པདྨའི་འདབ་མ་ལྟར་འཇམ་པའི། མདོག་ཕུན་སུམ་ཚོགས་པས་གཞོན་ཤ་ཆགས་པའི། སངས་རྒྱས་ཀྱི་སྐུའི་ཕྱག་ཞབས་ཀྱི་རྒྱབ་བཞི་དང་། དཔུང་མགོ་གཉིས། ལྟག་པའི་ཕྱོགས་དང་མདུན་མཐོ་ཞིང་རྒྱས་པའི། སེར་མོ་རིང་ཞིང་མཛེས་པའི། ཞབས་ཀྱི་རྟིང་པ་ཡངས་པའི། མི་ཕལ་བ་བས་སྐུ་བདུན་གྱིས་འཕགས་པས་ཆེ་ཞིང་དྲང་པའི། ཞབས་ཀྱི་ལོང་བུ་ཕྱིར་མི་མངོན་པའི། སྐུའི་བ་སྤུ་རྣམས་རེ་རེ་ནས་གྱེན་དུ་ཕྱོགས་པའི། ཞབས་ཀྱི་བྱིན་པ་གཉིས་རི་དྭགས་ཨེ་ན་ཡའི་བྱིན་པ་ལྟར་ཟླུམ་ཞིང་རིམ་གྱི་ཕྲ་བའི། ཕྱག་རིང་ཞིང་མཛེས་པའི། འདོམ་གྱི་སྦ་བ་སྦུབས་སུ་ནུབ་པའི། པགས་པ་གསེར་གྱི་མདོག་ལྟ་བུའི། ལྤགས་པ་སྲབ་ལ་འཇམ་པའི། སྤུ་ནི་ཁུང་བུ་གཅིག་ནས་གཉིས་མ་སྐྱེས་པར་རེ་རེ་ནས་ལེགས་པར་འཁྲུངས་ཤིང་གཡས་སུ་འཁྱིལ་བའི། སྨིན་མཚམས་སུ་མཛོད་སྤུ་དཀར་འཇམ་ཟླ་བའི་འོད་ལས་ལྷག་པའི། སྐུ་སྟོད་སེངྒེ་ལྟར་ཆེ་ཞིང་རྒྱས་པའི། སྐུའི་དཔུང་མགོ་ཟླུམ་ཞིང་རྩའི་དྲ་བ་མི་མངོན་པའི། ཐལ་གོང་ཏེ་དཔུང་པ་དག་གི་བར་རྒྱས་པའི། རོ་མི་ཞིམ་པ་ཡང་ལྗགས་ལ་རོ་མཆོག་ཏུ་སྣང་བའི། སྐུ་ནི་ནེ་གྲོ་དྷ་ལྟར་ཆུ་ཞེང་གབ་པའི། དབུ་ལ་གཙུག་ཏོར་ཟླུམ་ཞིང་ཡོངས་སུ་རྫོགས་པར་ལྡན་པའི། ལྗགས་ཀྱིས་ཞལ་གྱི་དཀྱིལ་འཁོར་ཁྱབ་པར་བྱེད་པས་རིང་ཞིང་སྲབ་ལ་མཛེས་པའི་ཚངས་པའི་དབྱངས་ཉིད་ཀྱི་ འགྲམ་པ་སེངྒེ་ལྟར་མཛེས་པའི། ཚེམས་ཀུནྡ་ལྟར་ཤིན་ཏུ་དཀར་བའི། ཚེམས་རྣམས་མཐོ་དམན་མེད་པར་ཚད་མཉམ་པའི། བར་མཚམས་མེད་པས་ཐགས་བཟང་བའི། གྲངས་བཞི་བཅུ་ཐམ་པ་ཚང་བའི། སྤྱན་ནི་ཟླུམ་པོ་དབུས་སྣུམ་ཞིང་ཐོན་མཐིང་ལྟ་བུའི། སྤྱན་གྱི་རྫི་མ་བ་མཆོག་གི་འདྲ་བར་འཛིངས་ཤིང་སྣུམ་ལ་ལེགས་པར་གནས་པའི་མཚན་ཏེ། སོ་གཉིས་ལ་སྐྱེས་བུ་ཆེན་པོའི་མཚན་ཞེས་བྱ་སྟེ། རང་གང་ལ་ལྡན་པའི་རྟེན་གྱི་གང་ཟག་སྐྱེས་བུ་ཆེན་པོར་མཚོན་པར་བྱེད་པའི་མཚན་རྟགས་ཁྱད་པར་ཅན་ཡིན་པའི་ཕྱིར་རོ་ཞེས་པཎ་ཆེན་ངག་ཆོས་ཀྱི་ཀུན་མཁྱེན་བླ་མའི་དགོངས་དོན་རབ་གསལ་ལས་སོ། །

{{#arraymap:མཚན་བཟང་

|; |@@@ | | }}