53979

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མཚན་མ་མེད་པ་མཚན་མ་མེད་པའི་ཏིང་ངེ་འཛིན་ (1)
Part of speech མིང་ཚིག
Definition མདོ། མངོན་པ། མི་སློབ་པའི་རྒྱུད་ཀྱི་མཚན་མེད་ཀྱི་ཏིང་ངེ་འཛིན་སླར་མི་སྐྱེ་བའི་ཆོས་ཅན་དུ་བྱས་པའི་སོ་སོར་བརྟགས་མིན་གྱི་འགོག་པ་དམིགས་ནས་ཞི་བའི་རྣམ་པ་ཁོ་ནར་ཡིད་ལ་བྱེད་པའི་ཟག་བཅས་ཀྱི་ཏིང་ངེ་འཛིན་ཞིག་སྟེ། ས་བཅུ་གཅིག་ན་ཡོད་དེ། སེར་སྨད་རྒྱལ་དབང་མཛོད་ལས། ཏིང་ངེ་འཛིན་གསུམ་པ་ནི། མི་སློབ་པ་གང་ཞིག་མཚན་མེད་ཀྱི་ཏིང་ངེ་འཛིན་ལས་ལངས་པའི་རྗེས་སུ་ཟག་བཅས་སམ་ཟག་མེད་ཀྱི་ཤེས་པ་གཞན་མ་སྐྱེས་ན་མཚན་མེད་ཀྱི་ཏིང་ངེ་འཛིན་དེ་ཁོའི་རྒྱུན་འབྱུང་ཡང༌། དེའི་རྗེས་ལ་ཟག་བཅས་ཟག་མེད་ཀྱི་ཤེས་པ་གཞན་སྐྱེས་ན་མཚན་མེད་ཀྱི་ཏིང་ངེ་འཛིན་དེ་སླར་སྐྱེ་བའི་རྐྱེན་གཏན་ནས་འགག་པས་དེ་མི་སྐྱེ་བའི་ཆོས་ཅན་དུ་བྱས་པའི་མ་བརྟགས་པའི་འགོག་པ་ཐོབ་ལ། དེ་འདྲའི་འགོག་པ་དེ་ནི་མཚན་མེད་ཀྱི་ཏིང་ངེ་འཛིན་སླར་མི་སྐྱེ་བའི་ཆོས་ཅན་དུ་བྱས་པའི་སོ་སོར་བརྟགས་མིན་གྱི་འགོག་པ་ཡིན་གྱི། སོ་སོར་བརྟགས་འགོག་ནི་མ་ཡིན་ཏེ། བདེན་པ་ལ་སོ་སོར་མི་བརྟགས་ཤིང་གཉེན་པོས་བྲལ་བའང་མ་ཡིན་པའི་ཕྱིར་རོ། །དེའི་ཕྱིར་ཏིང་ངེ་འཛིན་དེས་ཀྱང་མི་སློབ་པའི་མཚན་མེད་ཀྱི་ཏིང་ངེ་འཛིན་སྐྱེ་བ་ལ་གཏན་དུ་གེགས་བྱེད་པའི་མ་བརྟགས་པའི་ཟད་པ་སོ་སོར་བརྟགས་མིན་གྱི་འགོག་པ་ལ་དམིགས་ནས་ཞི་བའི་རྣམ་པ་ཁོ་ནར་ཡིད་ལ་བྱེད་པ་ལས། འགོག་པ་དང་གྱ་ནོམ་པ་སོགས་སུ་ཡིད་ལ་མི་བྱེད་དེ། དམིགས་ཡུལ་ལ་རྣམ་པ་དེ་དག་མ་ཚང་བའི་ཕྱིར་རོ། །ཞེས་དང་། མཆིམས་མཛོད་ལས། ས་ནི་བསམ་གཏན་གཉིས་པ་ནས་སྲིད་རྩེའི་བར་གྱི་ཉེར་བསྡོགས་བདུན་མ་གཏོགས་(ན་ཉེར་བསྡོགས་བདུན་གོང་འོག་ལ་ཞི་རགས་སུ་དམིགས་ནས་འོག་ས་སུན་འབྱིན་གྱི་འཕགས་ལམ་སུན་མི་འབྱིན་པས་སོ། །) པ་འདོད་པ་དང་བསམ་གཏན་གྱི་ས་དྲུག་དང་གཟུགས་མེད་པ་ས་བཞི་སྟེ་བཅུ་གཅིག་ན་ཡོད་དོ། །ཞེས་གསུངས། ས་བཅུ་གཅིག་ན་ཡོད་དོ། །
Domain ཆོས་ལུགས།