54149

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མཚམས་པ་སྨོན་ལམ་བཟང་པོ་ (1)
Part of speech མིང་ཚིག
Definition གདུང་ཡངས་བླ་མ་སྨོན་ལམ་བཟང་པོ་མཆོག་ནི། མགོ་ལོག་ཕྱོགས་ཀྱི་གདུང་ཡངས་ཞེས་པར་མེ་ཕག་ལོར་སྐུ་འཁྲུངས། དགུང་ལོ་ཉེར་གཅིག་ཏུ་འཛམ་ཐང་གཙང་ཆེན་གཟིམས་ཁང་ཕོ་བྲང་དུ་རྡོ་རྗེ་སློབ་དཔོན་ཆེན་པོ་ངག་དབང་ཆོས་འབྱོར་ཞབས་དགེ་བའི་བཤེས་གཉེན་དུ་བསྟེན་ནས་རྡོ་རྗེའི་རྣལ་འབྱོར་སྦྱོར་བ་ཡན་ལག་དྲུག་གི་དབང་ལུང་ཟབ་ཁྲིད་མཐའ་དག་ཞུས་ཏེ་གོང་མའི་ཕྱག་སྲོལ་བཞིན་ཉམས་བཞེས་མཛད་སྐབས་དམ་པ་འདི་ལ་གུས་རྟག་གི་བརྩོན་པ་གཞན་ཕལ་བ་རྣམས་ལས་ངེས་པར་རྒྱ་ཆེ་ཞིང་འདིས་མཉམ་རྗེས་ཐམས་ཅད་དུ་གཡེང་བའི་གོ་སྐབས་རྣམ་པར་བཅོམ་སྟེ་ཐུགས་ཉམས་སུ་རྡོ་རྗེའི་རྣལ་འབྱོར་སྒོམ་པ་ལ་ནན་ཏན་ཆེན་པོ་མཛད། རྗེ་བླ་མ་དེ་ཉིད་ཀྱི་དྲུང་དུ། གཤིན་རྗེ་རབ་འབྱམས། རིན་འབྱུང༌། ཕུར་བའི་སྟོད་ལས་སྨད་ལས་ཀྱི་དབང༌། དུས་འཁོར་དབང་ཆེན། ནཻ་གུའི་དབང་བཀའ་ཆ་ཚང༌། གཅོད་དབང་ནམ་མཁའ་སྒོ་འབྱེད་སོགས་ཆོས་བཀའ་ཡང་མང་ཙམ་ཞུས། དགུང་ལོ་སུམ་ཅུ་སོ་གསུམ་སྐོར་ནས་བཟུང་འགམ་སྟོད་སྟག་ལུང་རི་ཁྲོད་དུ་བཞུགས། ཉིན་ཞག་བཅོ་ལྔ་ཙམ་ལ་ཞལ་ཟས་མ་གསོལ་བར་ཐུགས་མཉམ་བཞག་ངང་བཞུགས་པར་གྲགས། བྲག་དཀར་སྤྲུལ་པའི་སྐུའི་ཞལ་སྔ་ནས་རྒྱལ་བའི་བཀའ་ཆོས་ཡོངས་རྫོགས་ཀྱི་བཀླག་ལུང་གསན་ལ། སྦྱོར་དྲུག་མཉམ་མགུར་གྱི་ཞུ་བ་མཛད། སྤྱིར་ན་རྗེ་དམ་པ་འདི་ཉིད་སྐྱེས་ཆེན་གཞན་དག་གིས་རྗེ་བཙུན་མི་ལ་དང་ཞབས་དཀར་ཚོགས་དྲུག་རང་གྲོལ་གྱི་རྣམ་པར་འཕྲུལ་བར་ལུང་གིས་ཡང་ཡང་བསྔགས་ཤིང་དག་སྣང་ཅན་འགའི་ངོར་རིགས་ལྡན་པདྨ་དཀར་པོ་དང་། ཇོ་ནང་ཀུན་མཁྱེན་ཆེན་པོའི་རྣམ་པར་མཐོང་བ་དང་། བར་བར་དམ་པ་ཁོང་དང་ལྷན་ཅིག་ཆོས་སྐྱོང་གུར་གྱི་མགོན་པོ་གྲོགས་ལྡན་དུ་ཡོད་པར་མཐོང་བ་སོགས་ཡ་མཚན་དག་པའི་སྣང་བ་བྱུང་ལུགས་འདྲ་མིན་གྱི་ལོ་རྒྱུས་ཀྱང་དུ་མ་ཡོད། དགུང་ལོ་ལྔ་བཅུ་ང་གཉིས་ཀྱི་དུས་སུ་འདུས་པ་མང་པོར་སྒྲུབ་ཐབས་རིན་འབྱུང་ཟབ་དབང༌། ནཻ་གུ་བཀའ་ཕྱི་ནང་ཡོངས་རྫོགས་ཀྱི་བཀའ་དབང་། དུས་འཁོར་དབང་མོ་ཆེ་སོགས་གནང་། དགུང་ལོ་རེ་དྲུག་སྟེང་ཐུགས་འོད་གསལ་ཆོས་དབྱིངས་དང་རོ་མཉམ་དུ་གྱུར་ཏོ། །