54238
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | རྐྱེན་བཞིའི་ནང་གསེས། སེམས་སེམས་བྱུང་མཚུངས་པ་རྣམས་ཀྱིས་སྔ་མ་གང་ཞིག་འགག་པའི་དེ་མ་ཐག་ཏུ་རང་གི་ཕྱི་ལོགས་ཀྱི་སེམས་སེམས་བྱུང་སྐྱེད་པའོ། །དགྲ་བཅོམ་པ་མྱ་ངན་ལས་འདའ་ཀ་མའི་སེམས་དང་སེམས་ལས་བྱུང་བའི་ཐ་མ་ནི་མཚུངས་པ་དེ་མ་ཐག་པའི་རྐྱེན་མ་ཡིན་ཏེ། སེམས་སེམས་བྱུང་རྒྱུན་ཆད་པར་འདོད་པའི་ཕྱིར་རོ། །དེས་ན་དེ་མ་གཏོགས་པའི་སེམས་དང་སེམས་ལས་བྱུང་བ་རྣམས་ནི་མཚུངས་པ་དེ་མ་ཐག་པའི་རྐྱེན་ཡིན་ཏེ། རྐྱེན་འདི་དག་ནི་མཚུངས་པ་ཡང་ཡིན་ལ་དེ་མ་ཐག་པ་ཡང་ཡིན་པས་མཚུངས་པ་དེ་མ་ཐག་པའི་རྐྱེན་ཏོ། །དེ་ཉིད་ཀྱི་ཕྱིར་མི་མཉམ་པར་འབྱུང་བའི་ཕྱིར་གཟུགས་ནི་མཚུངས་པ་དེ་མ་ཐག་པའི་རྐྱེན་མ་ཡིན་ཏེ། འདི་ལྟར་འདོད་པ་ན་སྤྱོད་པའི་གཟུགས་ཀྱི་མཇུག་ཐོགས་སུ་རེས་འགའ་ནི་འདོད་པ་ན་སྤྱོད་པ་དང་། གཟུགས་ན་སྤྱོད་པའི་རྣམ་པར་རིག་བྱེད་མ་ཡིན་པའི་གཟུགས་འབྱུང་ངོ་། །རེས་འགའ་ནི་འདོད་པ་ན་སྤྱོད་པ་དང་ཟག་མེད་པ་འབྱུང་བས་གཟུགས་མངོན་དུ་འགྱུར་བ་འཆོལ་པ་ཡིན་ནོ། །མཚུངས་པ་དེ་མ་ཐག་པའི་རྐྱེན་ནི་འཆོལ་པ་མ་ཡིན་ནོ། །དེ་མ་ཐག་རྐྱེན་དང་རྣམ་གྲངས་སོ། །རྐྱེན་འདིས་དུས་གང་ལ་བྱ་བ་བྱེད་ཅེ་ན། སྐབས་འབྱེད་པའི་ཕྱིར་སྐྱེ་བ་ལ་མངོན་དུ་ཕྱོགས་པ་མ་འོངས་པ་ལ་བྱ་བ་བྱེད་དོ། ། |
| Domain | ཆོས་ལུགས། |