54253

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མཚུངས་མེད་རྡོ་རྗེ་རྒྱལ་མཚན་ (1)
Part of speech མིང་ཚིག
Definition རབ་བྱུང་བདུན་པའི་ཤིང་འབྲུག་ཕྱི་ལོ ༡༤༢༤ ལོར་ཆག་སྐྱར་འཁྲུངས། དགུང་ལོ་བརྒྱད་པར་གླང་འཁོར་བ་འཇམ་དཔལ་ལས་རབ་ཏུ་བྱུང་དགུ་པར་མུས་སྲད་ཀྱི་གདན་སའི་ཁྲི་ཞབས་པད་བསྟེན། ཆོས་རྗེ་ཡོན་ཏན་མགོན་པོ་ལས་རྟ་མགྲིན་ཡང་གསང་སོགས་ལོ་གསུམ་བར་གསན། བཅུ་གཅིག་པར་བླ་ཆེན་ཆོས་དཔལ་བཟང་པོ་ལས་ལོ་དྲུག་བར་རྒྱུད་གསུམ་གྱི་གསན་སྦྱོང་དང་། ས་སྐྱའི་གསུང་རབ་སོགས་ཐུགས་སུ་ཆུད་པར་མཛད། བཅོ་བརྒྱད་པར་ངམ་རིང་རྡོ་རྗེ་འཆང་ཨཱ་ནན་ཏ་མ་ཏི་ལས་ལོ་ནག་དྲིལ་གསུམ་དང་། འཇིགས་བྱེད་རྭ་ལུགས། ཕག་མོ་སྐོར་གསུམ། དབང་བཀའ་བཅུ་བདུན་སོགས་གསན། བཅུ་དགུ་པར་གཞོན་ནུ་རྒྱལ་མཆོག་དང་ནམ་མཁའ་ལྷུན་གྲུབ་བཟང་པོ་སོགས་ལས་དགེ་སློབ་བསྒྲུབས། བཀའ་ཆོས་ཀྱང་ཞུས། ཉེར་གཅིག་པར་གུང་ཐང་དུ་རྒྱལ་མཚན་དཀོན་མཆོག་ལས་གསུང་ངག་ལམ་སྐོར་དང་། གསང་འདུས་མི་བསྐྱོད་ལུགས་ཀྱི་དབང་བཀའ་འགོས་ལུགས། བཤད་བཀའ་བོ་དོང་ལུགས་ནག་ཁྲིད་དམར་ཁྲིད་བཅས་གསན། བཞི་བཅུ་པར་ཤཱཀྱ་བྷ་དྲ་ལས་དཔལ་ལྡན་ས་སྐྱ་བའི་དབང་བཤད་མན་ངག་མ་ལུས་མནོས། ཞེ་ལྔ་པར་བོ་དོང་ཕྱོགས་ལས་རྣམ་རྒྱལ་དང་། བདེ་ཆེན་རྣམ་རྒྱལ་གྲགས་བཟང་ལས་དུས་འཁོར་གྱི་དབང་ལུང་ཁྲིད་གསུམ་ཞུས། ཞེ་དགུ་པར་ས་སྐྱར་སྨན་གྲོང་དང་། ཉི་ཐོག ཞེ་དགོན་སོགས་སུ་བཞུགས། ཟབ་རྒྱས་ཆོས་ཀྱི་འཁོར་ལོ་བསྐོར། དོན་ལྔ་པ་རབ་བྱུང་བརྒྱད་པའི་ས་རྟ་ཕྱི་ལོ་ ༡༤༩༨ ལོར་ས་སྐྱའི་གྲང་མོ་ཆེར་གཤེགས། སློབ་མ་གྲགས་ཆེ་བ་ནི་འཇམ་དབྱངས་བསོད་ནམས་རྒྱལ་མཚན་དང་། ཆོས་རྗེ་བློ་གྲོས་རྒྱལ་མཚན། རྟོགས་ལྡན་བློ་གྲོས་བཟང་པོ། དཀའ་བཅུ་དཀོན་མཆོག་བཟང་པོ། ཆེན་པོ་རིན་ཆེན་རྒྱལ་མཚན། དབོན་པོ་ནམ་མཁའ་རིན་ཆེན། བྱང་པ་བསོད་ནམས་རྒྱལ་མཚན། འཛིམ་པ་བསོད་ནམས་རྒྱལ་མཚན། ཤངས་པ་ཀུན་དགའ་དཔལ་ལྡན། རྒྱ་གར་ཤེས་རབ་རྒྱལ་མཚན། བདག་པོ་བསོད་ནམས་རྒྱལ་མཚན། འཛིམ་པ་ཀུན་དགའ་སྙིང་པོ། མུས་ཆེན་རྣམ་རྒྱལ་བཟང་པོ་བཅས། གསུང་རྩོམ་ནི་རྒྱུད་ཀྱི་མན་ངག་ལག་ལེན་དང་། སྤྱི་འགྲོ་གསལ་བྱེད་རྣམ་བཞི། བླ་མ་འཕགས་པ། བླ་དམ་པ། ཕྱག་ལེན། བཀའ་སྒྲུབ་སྟེ་སྒྲུབ་པ་རྣམ་བཞི། འཁྲུལ་སེལ་སོགས་འཁྲུ་སེལ་རྣམ་བཞི། ཆུ་རྒྱུན་རྣམ་བཞི་སོགས་མང་དུ་བཞུགས།